བྱང་ཆིངས་རྩ་འཛུགས་ཀྱི་དམག་གྲུ་གཉིས་ཚེས་ཉེར་ལྔ་ཉིན་ཀི་ལུའུ་ཅི་ཡཱའི་མཚོ་ནག་པཱ་ཐུང་གྲུ་ཁར་འབྱོར་ནས། ཀི་ལུའུ་ཅི་ཡཱ་རུ་འཚམས་འདྲི་བྱེད་མགོ་བརྩམས། འཚམས་འདྲི་བྱེད་སྐབས། ཀི་ལུའུ་ཅི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་དང་མཉམ་དུ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།
ཀི་ལུའུ་ཅི་ཡཱའི་མཐའ་སྲུང་ཉེན་རྟོག་སྡེ་ཁག་གིས་ཉིན་དེར་བསྒྲགས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཆུ་འོག་གི་འགད་རྫས་ལ་རྒོལ་བའི་ཡན་ལག་རུ་ཁག་གཉིས་པར་གཏོགས་པའི་དབྱི་ཐཱ་ལེའི་མཚོ་དམག་གི་ཝེ་སུའུ་ཝེ་རྟགས་ཅན་དང་ཐུར་ཁེའི་མཚོ་དམག་གི་ཨ་མཱ་སི་ལཱ་རྟགས་ཅན་གྱི་དམག་གྲུ་གཉིས་ཚེས་ཉེར་ལྔ་ཉིན་པཱ་ཐུང་གྲུ་ཁར་འབྱོར། དམག་གྲུ་དེ་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུའི་བར་ཀི་ལུའུ་ཅི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་དང་མཉམ་དུ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཆུ་འོག་གི་མཉམ་འབྲེལ་སྦྱོང་བརྡར་དང་སྒྲིག་ཆས་ཀྱི་བཀོད་སྒྲིག་སོགས་འདུས།
བསྒྲགས་པ་ལྟར་ན། ཐེངས་འདིའི་འཚམས་འདྲི་ལས་བྱང་ཆིངས་རྩ་འཛུགས་ཀྱིས་ཀི་ལུའུ་ཅི་ཡཱ་རྩ་འཛུགས་དེར་ཞུགས་པར་རྒྱབ་སྐྱོར་བྱེད་པའི་བརྡ་གསལ་བོ་བཏང་ཡོད་པ་དང་། ཀི་ལུའུ་ཅི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་དང་བྱང་ཆིངས་རྩ་འཛུགས་བར་གྱི་བར་ཐག་ཇེ་ཉེར་གཏོང་བར་ཕན་ཐོགས་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།