ཨེ་ཅིབ་དང་ཨུ་རུ་སིའི་མཁའ་དམག་གིས་ཐོག་དང་པོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2019.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་རྒྱལ་སྲུང་པུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་མཁའ་དམག་དང་ཨུ་རུ་སིའི་མཁའ་དམག་གིས་ཉིན་དེ་ནས་བཟུང་ཚབ་མིང་ལ་མཛའ་བརྩེའི་མདའ་མོ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཡུན་ཚད་གཟའ་འཁོར་གཉིས་ཡིན་པའི་དམག་དོན་སྦྱོང་བརྡར་ཨེ་ཅིབ་ཀྱི་ས་ཁོངས་རང་ནས་སྤེལ་བ་དང་། ཨེ་ཅིབ་དང་ཨུ་རུ་སིའི་མཁའ་དམག་གིས་ཐོག་དང་པོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་རེད། དམག་དོན་སྦྱོང་བརྡར་དེ་ནི་ཨེ་ཅིབ་ཀྱི་མཁའ་དམག་གིས་དམག་དོན་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འཆར་གཞི་ཞིག་ཡིན་པ་དང་། ཨེ་ཅིབ་དང་ཨུ་རུ་སིའི་མཁའ་དམག་བར་གྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་རེད་ཟེར། 

གསལ་སྒྲོག་ལྟར་ན། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དམག་དཔུང་བར་གྱི་དེང་རབས་ཅན་གྱི་མཁའ་སྲུང་མ་ལག་གི་ཉམས་མྱོང་བརྗེ་རེས་བྱེད་པའི་ཆེད་རེད། དམག་དོན་སྦྱོང་བརྡར་གྱི་དུས་རིམ་ཐོག་མར་གཞུང་ལུགས་སློབ་ཁྲིད་བྱས་ཏེ་དམག་དཔུང་གཉིས་ཀྱི་མིག་སྔའི་འགོག་སྲུང་ནུས་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དུས་རིམ་རྗེས་མའི་ནང་མཁའ་སྲུང་མཚོན་ཆ་བེད་སྤྱོད་བྱེད་པའི་དམག་དོན་སྦྱོང་བརྡར་སྤེལ་སྤེལ་རྒྱུ་རེད། 

ཨེ་ཅིབ་ཀྱིས་དུས་བཅད་ལྟར་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་། ནུབ་ཕྱོགས་རྒྱལ་ཁབ་བཅས་ཀྱི་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་རེད། ལོ་གཅིག་ཙམ་གྱི་རིང་ལ། ཨེ་ཅིབ་ཀྱིས་ཨ་མེ་རི་ཁ་དང་ཧྥ་རན་སི། དབྱི་ཐཱ་ལེ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི་སོགས་རྒྱལ་ཁབ་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མྱོང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།