ཀྲུང་གོ་དང་ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་རྒྱལ་ཁབ་གསུམ་གྱིས་ཁའེ་ཕུའུ་ཏོན་ནས་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 
2019.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 159

ཀྲུང་གོ་དང་ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་རྒྱལ་ཁབ་གསུམ་གྱི་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་དེ་ཚེས་ཉེར་ལྔ་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་གྲུ་ཁ་ནས་སྤེལ། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ཀྲུང་གོའི་ཕྱོགས་ཀྱི་བྱ་བའི་ཚན་ཆུང་གི་ཚན་གཙོ། ཀྲུང་གོའི་མཚོ་དམག་གི་ཇུས་འདོན་དཔོན་པོའི་ལས་རོགས་པ་ལིག་ཙུང་ཁྲིན་དང་། ཨ་ཧྥེ་རི་ཁ་ལྷོ་མའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཨ་ཧྥེ་རི་ཁ་ལྷོ་མའི་མཚོ་དམག་གྲུ་གཟིངས་རུ་ཁག་གི་དམག་སྤྱི་མཱ་ཧཱ་ལཱ་ནཱ། ཨུ་རུ་སིའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཨུ་རུ་སིའི་མཚོ་དམག་གི་ཇུས་འདོན་དཔོན་པོ་གཞོན་པ་ཙེ་མུའུ་སི་ཁི་ཧྥུའུ་བཅས་དང་། དེ་མིན་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་གི་འཐུས་མི་ཉིས་བརྒྱ་ཙམ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོར་ཞུགས། 

དམག་དོན་སྦྱོང་བརྡར་གྱི་སྤྱིའི་ཁྲིད་སྟོན་པ། ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་འབྲེལ་འཐབ་འཁྲུག་པུའུ་འཐབ་འཁྲུག་སྦྱོང་བརྡར་ཅུའུ་ཡི་ཅུའུ་ཀྲང་ལཱ་ཐི་ཀའེ་ཡིས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། ཁོས་བཤད་རྒྱུར། དེ་ནི་ང་ཚོས་སྤེལ་བའི་དམག་དོན་སྦྱོང་བརྡར་ཐོག་མ་ཡིན། མིག་སྔར་ཨ་ཧྥེ་རི་ཁ་ལྷོ་མའི་མཚོ་དམག་གིས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་བར་མཉམ་ལས་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། ང་ཚོས་མ་འོངས་པར་མཛའ་མཐུན་གྱི་འབྲེལ་བ་དེ་སྲུང་འཛིན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། དམག་དོན་སྦྱོང་བརྡར་གྱི་གཙོ་གནད་ནི་མཚོ་འགྲུལ་བདེ་འཇགས་དང་མཚོ་ཐོག་གི་དཔལ་འབྱོར་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ལེགས་འགྲུབ་འབྱུང་བར་ཡིད་ཆེས་ཡོད་ཟེར། 

ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། ཀྲུང་གོ་དང་ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཕྱོགས་གསུམ་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་མཚོ་དམག་གི་ཨ་མཱ་ཐའོ་ལཱ་རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་སྟེང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། མཱ་ལཱ་ཧཱ་ནཱ་ཡིས་གཏམ་བཤད་གལ་ཆེན་སྤེལ། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཀྲུང་གོ་དང་ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་རྒྱལ་ཁབ་གསུམ་གྱི་མཚོ་དམག་གིས་ཐོག་དང་པོར་ཨ་ཧྥེ་རི་ཁ་གླིང་ལྷོ་ཕྱོགས་ཀྱི་མཚོ་ཁོངས་ནས་སྤེལ་བའི་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་རེད། དམག་དོན་སྦྱོང་བརྡར་དེར་ཀྲུང་གོ་དང་ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཀྱི་མཚོ་དམག་གི་སྐོར་ཞིབ་གྲུ་གཟིངས་དང་ཉེན་སྐྱོབ་གྲུ་གཟིངས། ཉེན་སྲུང་གྲུ་གཟིངས་སོགས་གྲུ་གཟིངས་མང་བོའི་གཞོགས་འདེགས་ཐོབ་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།