ཀྲུང་གོ་དང་སེར་ཝེ་ཡཱའི་དམིགས་བསལ་ཉེན་རྟོག་པས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོག་མ་སྤེལ། 
2019.11.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 194

སེར་ཝེ་ཡཱ་དང་ཀྲུང་གོའི་དམིགས་བསལ་ཉེན་རྟོག་པས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་སེར་ཝེ་ཡཱའི་དབུས་ཕྱོགས་ཀྱི་སི་མེ་ཏའེ་ལོས་བོ་གྲོང་ཁྱེར་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོག་མ་སྤེལ་ཏེ། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་བཟོ་གྲྭ་བཙན་བཟུང་བྱས་ནས་མི་གཏའ་བཙན་ཁྲིད་བྱས་པའི་སྐབས་སུ་འགུལ་སྐྱོད་སྤེལ་བར་ལད་བཟོ་བྱས་ཡོད། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་སེར་ཝེ་ཡཱ་རུ་ཡོད་པའི་ཀྲུང་གོའི་ཧི་པེ་རྣོ་ལྕགས་སྡེ་ཚོགས་ཀྱི་བཟོ་གྲྭའི་ནང་དུ་སྤེལ། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་དང་། ཙུང་ལི་གཞོན་པ་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སི་ཐི་ཧྥན་ནོའུ་ཝེ་ཆི། དེ་མིན་སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་པའོ་བཅས་ཀྱིས་ཡུལ་དངོས་ནས་དམག་དོན་སྦྱོང་བརྡར་ལ་བལྟས། 

ཀྲུང་གོ་དང་སེར་ཝེ་ཡཱ་ཕྱོགས་གཉིས་ཀྱིས་བསྡོམས་པས་དམིགས་བསལ་ཉེན་རྟོག་པ་བརྒྱ་དང་བརྒྱད་ཅུ་མངག་ཡོད་པ་དང་། གྱེན་འཕུར་གནམ་གྲུ་གསུམ་དང་རླངས་འཁོར་ཉི་ཤུ་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་ལ་གྱེན་འཕུར་གནམ་གྲུའི་འཕུར་འབབ་དང་། གནད་ས་འཛིན་པ། མྱུལ་ཞིབ་སྔོག་བཤེར། ཉེས་ཅན་འཛིན་བཟུང་བྱེད་པ། མི་གཏའ་སྐྱོབ་པ་བཅས་ཀྱི་ནང་དོན་འདུས། 

དམག་དོན་སྦྱོང་བརྡར་མཇུག་རྫོགས་རྗེས། སི་ཐི་ཧྥན་ནོའུ་ཝེ་ཆི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཀྲུང་གོའི་དམིགས་བསལ་ཉེན་རྟོག་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། དེ་ནི་སེར་ཝེ་ཡཱའི་ནང་སྲིད་པུའུ་དང་ཀྲུང་གོའི་སྤྱི་བདེ་པུའུ་གཉིས་ཀྱིས་ཐོག་དང་པོར་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་ཉེན་རྟོག་པའི་སྦྱོང་བརྡར་ཆུ་ཚད་དང་རྙོག་འཛིང་གི་ལས་འགན་ལག་བསྟར་བྱེད་པའི་མཉམ་ལས་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་ཟེར། 

སི་ཐི་ཧྥན་ནོའུ་ཝེ་ཆི་ཡིས་བཤད་རྒྱུར། སེར་ཝེ་ཡཱའི་ནང་སྲིད་པུའུ་དང་ཀྲུང་གོའི་སྤྱི་བདེ་པུའུ་གཉིས་ཀྱིས་རྩ་འཛུགས་ཡོད་པའི་ནག་ཉེས་དང་འཇིགས་སྐུལ་རིང་ལུགས། དུག་རྫས་ལྐོག་འཚོང་བཅས་ལ་ཆམ་ཕབ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་རེ་བ་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།