ཨ་མེ་རི་ཁ་དང་ཞི་ལཱ་ཡིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2020.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞི་ལཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་སྐམ་དམག་མཁའ་འགྲུལ་དམག་གིས་ཚེས་བཅུ་དགུའི་ཉིན་ཞི་ལཱའི་བྱང་ཕྱོགས་ས་ཁུལ་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ཇེ་ཟབ་ཏུ་སོང་བ་མཚོན་པར་བྱས། 

བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་གྱི་ནང་དོན་ནི་ཨ་ཕཱ་ཆི་དང་གླག་ནག་ཅེས་པའི་གྱེན་འཕུར་གནམ་གྲུ་བཀོལ་ནས་དགྲ་བོའི་འཇབ་རྒོལ་ཐེབས་རྗེས་རྨས་མ་མྱུར་སྐྱོབ་བྱེད་པ་དེ་ཡིན། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཨ་མེ་རི་ཁའི་དམག་དཔུང་ནི་ཨ་མེ་རི་ཁའི་ཙོ་ཀྲི་ཡཱ་ཀྲིག་ཧིན་ཐི་སྐམ་དམག་གནམ་གྲུ་ཐང་གི་སྐྱ་དམག་མདའ་ཤོག་བཅུ་བདུན་པའི་རུ་འབྲིང་གསུམ་པ་ནས་ཡོང་བ་ཡིན་ལ། ཞི་ལཱའི་སྐམ་དམག་གི་དམག་སྤྱི་དང་ཞི་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོས་ཡུལ་དངོས་ནས་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱས། 

ཞི་ལཱ་ཡིས་ཉེ་སྔོན་ཨ་མེ་རི་ཁ་དང་ཧྥ་རན་སིའི་བར་གྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས་པ་དང་། དམག་དོན་གྱི་མནའ་མཐུན་གཉིས་ནས་སྒྲིག་ཆས་ཉོ་བསྡུ་བྱས། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཞི་ལཱའི་བྱ་སྤྱོད་དེ་ལས་ཕྱོགས་གཉིས་ལ་བསམ་བློ་གཏོང་བཞིན་ཡོད་དེ། གཅིག་ནས་ས་དཀྱིལ་མཚོ་ཁོངས་ཀྱི་རྡོ་སྣུམ་དང་སོལ་རླངས་སྔོག་འདོན་བྱེད་པའི་དབང་ཆ་སོགས་རྩོད་གཞིར་གྱུར་བའི་གནད་དོན་དབང་གིས་ཐུར་ཁེའི་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། གཉིས་ནས་ལོ་ངོ་བཅུའི་རིང་གི་དངུལ་ལོར་ཉམས་ཉེན་ཁྱད་བསལ་བྱས་རྗེས་དམག་དཔུང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་པ་རེད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།