ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱིས་རྫས་འགྱུར་མཚོན་ཆ་སྔོན་འགོག་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ།
2020.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 131

ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫས་འགྱུར་མཚོན་ཆའི་སྔོན་འགོག་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཧྥུའུ་ཨར་ཅཱ་ཀི་ལེ་ཀྲིག་ནས་རྫས་འགྱུར་མཚོན་ཆ་སྔོན་འགོག་བྱེད་པའི་སྦྱོང་བརྡར་བྱ་འགུལ་སྤེལ། 

ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་གསར་འགྱུར་ཁྲུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་ཁོངས་སུ་གཏོགས་པའི་འཕྲོ་འགྱེད་དང་རྫས་འགྱུར་མཚོན་ཆ་སོགས་སྔོན་འགོག་བྱེད་པའི་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་ཧྥུའུ་ཨར་ཅཱ་ཀི་ལེ་ཀྲིག་ནས་རྫས་འགྱུར་མཚོན་ཆའི་སྔོན་འགོག་སྦྱོང་བརྡར་བྱ་འགུལ་སྤེལ། བྱ་འགུལ་དེ་ལས་རྫས་འགྱུར་མཚོན་ཆའི་སྔོན་འགོག་དམག་དཔུང་གིས་དགྲ་བོའི་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ཐེབས་པའི་ས་ཁུལ་དུ་མི་སྣ་དང་མཚོན་ཆ། སྒྲིག་ཆས་སོགས་མྱུར་དུ་སྐྱེལ་བ་དང་། འབྲེལ་ཡོད་ས་ཁུལ་དུ་འཕྲོ་འགྱེད་སེལ་བ་དང་དུག་སེལ་གྱི་བྱ་བ་སྤེལ་བར་སྦྱོང་བརྡར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། རྣམ་པ་གསར་བའི་བྱེད་ནུས་ཀུན་ལྡན་གྱི་རྫས་འགྱུར་མཚོན་ཆ་འགོག་པའི་སྒྲིག་ཆས་ཀྱི་རམ་འདེགས་འོག དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་སྦྱོང་བརྡར་གྱི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། འཐབ་འཛིང་དམག་དཔུང་དག་སྦགས་བཙོག་ཐེབས་པའི་ས་ཁུལ་བརྒྱུད་དེ་རྗེས་མཐུད་ཀྱི་འཐབ་འཁྲུག་ལས་འགན་ལག་བསྟར་བྱས་ཡོད་ཟེར། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བསྡོམས་པས་རྫས་འགྱུར་མཚོན་ཆའི་སྔོན་འགོག་དམག་མི་སུམ་བརྒྱ་དང་རྫས་འགྱུར་མཚོན་ཆའི་སྔོན་འགོག་གི་སྒྲིག་ཆས་ཉི་ཤུ་ལྷག་བཀོལ་སྤྱོད་བྱས་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།