ཉིས་སྟོང་ཉི་ཤུ་ལོའི་གསེར་འབྲུག་ཅེས་པའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་དམག་དཔུང་གི་མཉམ་འབྲེལ་སྦྱོང་བརྡར་ལ་ཞུགས་པའི་ཀྲུང་གོའི་དཔོན་དམག་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་འགུལ་སྤེལ།
2020.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 103

ཉིས་སྟོང་ཉི་ཤུ་ལོའི་གསེར་འབྲུག་ཅེས་པའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་དམག་དཔུང་གི་མཉམ་འབྲེལ་སྦྱོང་བརྡར་ལ་ཞུགས་པའི་ཀྲུང་གོའི་དཔོན་དམག་གིས་ཚེས་ཉེར་གཅིག་ཉིན་ཁམ་ཕུ་ཀྲེའི་ཀུང་པུའུ་ཞིང་ཆེན་གྱི་ཕྱོགས་བསྡུས་སྦྱོང་བརྡར་ར་བ་ག་གེ་མོ་ནས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྟེར་བའི་མཛད་སྒོ་སྤེལ། ཀྲུང་གོ་དང་ཁམ་ཕུ་ཀྲེ་ཕྱོགས་གཉིས་ཀྱི་དཔོན་དམག་དང་། ས་གནས་སྲིད་གཞུང་། སྨན་ཁང་། སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་བཅས་བསྡོམས་པས་མི་བཞི་བཅུ་ལྷག་བྱ་འགུལ་དེར་ཞུགས། 

ཀྲུང་གོའི་ཕྱོགས་ཀྱི་སྦྱོང་བརྡར་ལ་ཞུགས་པའི་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཀྲང་ཐིས་རིན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཀྲེ་ཕྱོགས་གཉིས་ནི་བློས་མཐུན་གྱི་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་རྒྱལ་ཁབ་ཡིན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་འགུལ་སྤེལ་བ་ནི་ཉིས་སྟོང་ཉི་ཤུ་ལོའི་གསེར་འབྲུག་ཅེས་པའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་དམག་དཔུང་བར་གྱི་མཉམ་འབྲེལ་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ཞིག་ཡིན། དེ་ལས་ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཀྲེའི་མི་དམངས་ལ་མཛའ་བརྩེ་ཟབ་མོ་བཅངས་ཡོད་པ་མཚོན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་ལ་སློབ་སྦྱོང་དང་ལུས་རྩལ། སྨན་བཅོས་བཅས་རིགས་ཆེན་མོ་གསུམ་གྱི་དངོས་རྫས་བསྡོམས་པས་ཁྲི་གཅིག་དང་སྟོང་ལྔ་ལྷག་ཡོད། 

ཁམ་ཕུ་ཀྲེ་ཕྱོགས་ཀྱི་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཝེ་ཅེ་ཡིས་ཀྲུང་གོའི་དཔོན་དམག་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་འགུལ་སྤེལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། དངོས་རྫས་དེ་དག་ཁམ་ཕུ་ཀྲེ་ལ་མཁོ་གལ་ཆེ་བ་དང་། ཁམ་ཕུ་ཀྲེ་ཕྱོགས་ཀྱི་དོན་དངོས་དཀའ་ཁག་མང་བོ་ཐག་གཅོད་བྱེད་ཐུབ་ཟེར། ཁོས་བྱ་འགུལ་དེ་ལས་རྒྱལ་ཁབ་གཉིས་ཀྱི་དམངས་བར་གྱི་མཛའ་མཐུན་གྲོགས་པོའི་འབྲེལ་བ་མངོན་པར་མཚོན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།