འཇར་པན་གྱིས་ལོ་རེའི་ཧྥུའུ་ཧྲི་ཕྱོགས་བསྡུས་མེ་ཤུགས་སྦྱོང་བརྡར་སྤེལ། 
2020.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་པན་སྐམ་སའི་རང་སྲུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་ཅིན་ཀང་རྫོང་ཏུང་ཧྥུའུ་ཧྲིའི་སྦྱོང་བརྡར་ར་བ་ནས་རྒྱལ་ནང་གི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་ཧྥུའུ་ཧྲི་ཕྱོགས་བསྡུས་མེ་ཤུགས་སྦྱོང་བརྡར་སྤེལ་མགོ་བརྩམས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས། ད་ལོའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆུང་བཏང་ཡོད་པར་མ་ཟད་མང་ཚོགས་ལ་སྒོ་འབྱེད་བྱས་མེད་པ་རེད། 

དམག་དོན་སྦྱོང་བརྡར་དེ་གཅིག་སྟོང་དགུ་བརྒྱ་རེ་དྲུག་ལོ་ནས་བཟུང་མང་ཚོགས་ལ་སྒོ་འབྱེད་བྱས་པ་དང་། ན་ནིང་ལྟད་མོ་བ་ཁྲི་གཉིས་ལྷག་ཡོད་པ་རེད། གཅིག་སྟོང་དགུ་བརྒྱ་དོན་དགུའི་ལོར་དམག་དོན་སྦྱོང་བརྡར་སྤེལ་མ་ཐུབ་པ་ལས་གཞན ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཐོག་དང་པོར་མང་ཚོགས་ལ་སྒོ་འབྱེད་མ་བྱས་པ་རེད། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱིས་བེད་སྤྱོད་བྱེད་པའི་ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ། མེ་སྒྱོགས་སོགས་ཀྱི་ཁ་གྲངས་ཇེ་ཉུང་དུ་སོང་ཡོད་ཀྱང་། གཏོང་འཕེན་གྱི་ཐེངས་གྲངས་དང་མདེལ་གྱི་རིགས་སྣ་ཇེ་མང་དུ་སོང་ཡོདལ། དུས་ཚོད་གཉིས་ཙམ་གྱི་དམག་དོན་སྦྱོང་བརྡར་སྐབས་སུ་མདེལ་སྣ་ཚོགས་ཏུན་བཅུ་དགུ་བེད་སྤྱོད་བྱེད་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཅིན་ཀང་དང་ཧྲིན་ནེ་ཁྲོན་རྫོང་གཉིས་སུ་བཅའ་སྡོད་བྱེད་པའི་སྐམ་སའི་རང་སྲུང་དམག་དཔུང་ཞུགས་རྒྱུ་ཡིན་པ་དང་། སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ན་ནིང་གི་མི་སྟོང་གཉིས་དང་དྲུག་བརྒྱ་ནས་སྟོང་གཅིག་དང་བརྒྱད་བརྒྱར་ཇེ་ཉུང་དུ་བཏང་ཡོད་ཟེར། 

མཚོ་ཐོག་གི་ཉེན་སྲུང་རུ་ཁག་དང་མཁའ་འགྲུལ་ཉེན་སྲུང་རུ་ཁག དེ་མིན་སྔོན་ཆད་ཀྱི་དམག་དོན་སྦྱོང་བརྡར་ཁྲོད་འགན་གཙོ་བོ་ཁུར་དུ་བླངས་པའི་ཆུ་སྐམ་སྒུལ་འཁོར་མདའ་ཤོག་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་མེད། སྔོན་ཆད་མི་སྟོང་བཞི་ཙམ་ཡོད་པའི་ན་གཞོན་རུ་མི་ཡིས་ཡུལ་དངོས་སུ་ལྟད་མོར་བལྟ་བ་ཡིན་ཡང་། ད་ལོར་རུ་མི་སྟོང་གཅིག་ཙམ་གྱིས་ཉེ་འདབས་སུ་ལྟད་མོར་བལྟས་ཆོག་པ་ཙམ་ལས་མི་གཞན་པས་རང་རང་གི་སྡོད་གནས་སུ་དྲ་རྒྱའི་ཐད་གཏོང་ལ་བལྟ་དགོས་པ་རེད། 

ཧྥུའུ་ཧྲི་ཕྱོགས་བསྡུས་མེ་ཤུགས་སྦྱོང་བརྡར་དེ་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོ་ནས་སྤེལ་མགོ་བརྩམས་པ་དང་། འཇར་པན་གྱི་སྐམ་སའི་རང་སྲུང་དམག་དཔུང་གི་རྒྱུན་སྲོལ་གྱི་དམག་དོན་སྦྱོང་བརྡར་ཅིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།