ཧན་གོ་དང་ཨ་མེ་རི་ཁའི་དབྱར་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གཟའ་འཁོར་རྗེས་མར་སྤེལ་རྒྱུ་རེད། 
2020.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 78

ཧན་གོའི་སྲིད་གཞུང་གི་གནས་ཚུལ་ཤེས་མཁན་ཞིག་གིས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁའི་ད་ལོའི་དབྱར་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གཟའ་འཁོར་རྗེས་མར་སྤེལ་ཐུབ་པའི་རེ་བ་ཡོད་ཟེར། 

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྩིས་འཁོར་ལད་མོའི་བཀོད་འདོམ་ཁང་གི་དམག་དོན་སྦྱོང་བརྡར་དེ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་སྔོན་ལ་ཧན་གོ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་ནས་དུས་ཡུན་ཉིན་བཞིའི་རིང་ལ་ཉམས་ཉེན་དོ་དམ་མི་སྣའི་སྦྱོང་བརྡར་སྤེལ་རགྱུ་རེད་ཟེར། 

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་མགྲིན་ཚབ་པ་ཅིན་ཅོན་མའོ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། དམག་དོན་སྦྱོང་བརྡར་གཙོ་བོ་མགོ་མ་བརྩམས་གོང་། མཉམ་འབྲེལ་ཇུས་འདོན་པུའུ་ཡིས་དམག་དོན་སྦྱོང་བརྡར་གྱི་ཚད་གཞིར་བསླེབ་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ད་ལོའི་དཔྱིད་ཀའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་དུས་ངེས་མེད་དུ་རྗེས་སུ་སྣུར་ཡོད། 

སྔོན་ཆད་ཀྱི་དབྱར་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་སྤྱིར་བཏང་དུ་ཟླ་བརྒྱད་པའི་ཟླ་མགོ་ནས་མགོ་རྩོམ་པ་ཡིན། དབྱར་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མིན་དང་ཇི་ལྟར་སྤེལ་བར་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་དེའི་སྔོན་དམག་དོན་སྦྱོང་བརྡར་གྱི་དུས་ཚོད་རྗེས་སྣུར་བ་དང་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆུང་དུ་གཏོང་རྒྱུ་ཐག་བཅད་ཡོད། རྒྱུ་མཚན་ནི་ཨ་མེ་རི་ཁའི་དམག་མི་མང་བོ་རིམས་འགོག་གི་སྐབས་སུ་ཧན་གོར་ཡོང་ཐབས་མེད་པས་རེད། 

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དབྱར་ཁའི་དམག་དོན་སྦྱོང་བརྡར་ལས་ཧན་གོའི་དམག་དཔུང་ལ་འཐབ་འཛིང་གི་ནུས་པ་བཟང་བོ་ལྡན་མིན་ལ་དཔྱད་འཇོག་བྱས་ཏེ། ཧན་གོའི་འཐབ་འཁྲུག་སྐབས་ཀྱི་བཀོད་འདོམ་དབང་ཆ་ཕྱིར་ལེན་བདེ་བར་གྲ་སྒྲིག་བྱེད་པ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།