ཧན་གོ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཀོད་འདོམ་ཁང་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་བརྒྱད་ཉིན་མཇུག་སྒྲིལ་བའི་འཆར་གཞི་ཡོད་པ་རེད།
ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བདེན་དཔང་བྱས་དོན། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་སོགས་ལ་བསམ་བློ་བཏང་སྟེ། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། དམག་དོན་སྦྱོང་བརྡར་གྱི་གཙོ་གནད་ནི་ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གི་མཉམ་འབྲེལ་འགོག་སྲུང་གི་རྣམ་པ་སྲུང་འཛིན་བྱེད་པ་དེ་ཡིན་ལ། ཞོར་དུ་མ་འོངས་པར་འཐབ་འཁྲུག་གི་བཀོད་འདོམ་དབང་ཆ་ཧན་གོར་སྤྲད་རྗེས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་སྤྱི་ཁང་གི་སྒྲོམ་གཞིའི་འོག་འཐབ་འཁྲུག་བྱེད་པར་སྦྱོང་བརྡར་བྱེད་བཞིན་ཡོད་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁག་གཉིས་སུ་བགོས་ཡོད་པ་དང་། ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་འགོག་སྲུང་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ལ། ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཕྱིར་རྒོལ་གྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་རྩིས་འཁོར་གྱི་ལད་བཟོའི་སྦྱོང་བརྡར་གྱི་ཐབས་ལ་བརྟེན་ནས་སྤེལ་རྒྱུ་ཡིན་ཡང་། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། ཟླ་འདིའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་ཕྱོགས་གཉིས་ཀྱིས་ད་རུང་དམག་དོན་སྦྱོང་བརྡར་སྔོན་གྱི་སྦྱོང་བརྡར་ངོ་བ་ལྡན་པའི་ཉམས་ཉེན་དོ་དམ་ཇུས་འདོན་གྱི་སྦྱོང་བརྡར་སྤེལ་བ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།