ཉིས་སྟོང་ཉི་ཤུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་དང་ཉིས་སྟོང་ཉི་ཤུ་ལོའི་དམག་དཔུང་ཞེས་པའི་གླེང་སྟེགས་སྤེལ་མགོ་བརྩམས། 
2020.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 470

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། འགྲན་སྡུར་ལ་ཞུགས་པའི་ཀྲུང་གོའི་དཔོན་དམག་ཚོགས་རར་འགྲོ་བཞིན་པ། 

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན།ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་རྒྱལ་གཅེས་མཁན་སྤྱི་གླིང་གི་བར་སྣང་དུ་འཕུར་བཞིན་པ། 

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ། 

ཉིས་སྟོང་ཉི་ཤུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་དང་ཉིས་སྟོང་ཉི་ཤུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་གསུམ་ཉིན་མའོ་སི་ཁིའི་ཉེ་འདབས་ཀྱི་རྒྱལ་གཅེས་མཁན་སྤྱི་གླིང་དུ་སྤེལ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བརྙན་རིས་བརྒྱུད་དེ་ཞུ་ཚིག་ཕུལ། ཁོས་བསྟན་དོན། ཐེངས་འདིའི་འགྲན་སྡུར་དང་གླེང་སྟེགས་དེ་རྒྱལ་ཁབ་སོ་སོའི་བར་གྱི་རྒྱལ་སྲུང་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཕན་ཐོགས་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ང་ཚོའི་མགྲོན་པོ་དག་གིས་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་ནུས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྲུང་བཟོ་ལས་ཀྱི་གྲུབ་འབྲས་གསར་བ། རྒྱལ་སྤྱིའི་མཉམ་ལས་ལས་གཞི་གཙོ་བོ་བཅས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཡོད་ལ། ཉིས་སྟོང་ཉི་ཤུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། བདེ་འཇགས་དང་དམག་དོན་ལག་རྩལ་མཉམ་ལས་ཐད་ནས་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པ་དང་། མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ལོ་མང་བོའི་རིང་ལ། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་གྱིས་མཛའ་མཐུན་འབྲེལ་བར་ཤུགས་སྣོན་པར་འབད་འབུངས་བྱས་པ་དང་། སྒོ་འབྱེད་དང་མཛའ་མཐུན་གྱིས་ཉམས་མྱོང་བརྗེ་རེས་བྱེད་པར་ཕན་ཐོགས་ཡོད། གལ་ཆེ་བ་ནི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་སྤེལ་ན་རྒྱལ་ཁབ་བར་དང་མི་དམངས་བར་གྱི་ཞི་བདེའི་མཉམ་གནས་དང་ཕན་ཚུན་རྒྱུས་ལོན་ལ་ཕན་པ་ཡོད་ཟེར། 

ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་དམག་དོན་འགྲན་སྡུར་གྱིས་འགྲན་སྡུར་ལ་ཞུགས་པའི་རུ་མི་དང་ལྟད་མོ་བར་མིག་གི་དགའ་སྟོན་བཤམས་སྲིད་པ་དང་། ཉིས་སྟོང་ཉི་ཤུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་ཀྱིས་མཉམ་ལས་ལས་གཞི་མང་བོ་སྤེལ་བ་དང་རྒྱལ་སྤྱིའི་དམག་དོན་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྟེགས་བུ་འདོན་སྤྲོད་བྱེད་ངེས་ཡིན་ཟེར། 

མུས་ཧྲུའུ་སི་ཅིང་གིས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་བཟོ་ལས་ཀྱིས་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་དགོས་མཁོར་འགན་སྲུང་གང་ལེགས་བྱས་ཡོད་པར་མ་ཟད། ཚན་རྩལ་མཐོ་བའི་དམག་དོན་ཐོན་རྫས་ཕྱིར་གཏོང་བྱེད་པར་ཤུགས་སྣོན་བྱས་ཡོད། ཨུ་རུ་སི་ཡིས་ཐོན་སྐྱེད་བྱས་པའི་དམག་དོན་ཐོན་རྫས་དག་ཆེས་ཛ་དྲག་གི་འགྲན་རྩོད་ལ་ཁ་གཏོད་པའི་ནུས་པ་ཡོད་ཟེར། 

རྒྱལ་སྤྱིའི་དམག་དོན་འགྲན་སྡུར་དེ་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བ་དང་། ལོ་ངོ་བདུན་གྱི་འཕེལ་རྒྱས་བརྒྱུད་དེ་རིམ་བཞིན་ཚད་ལྡན་ཅན་གྱི་ལམ་དུ་ཞུགས་ནས། སྙན་གྲགས་དང་ཤུགས་རྐྱེན་ངེས་ཅན་ལྡན་པའི་སྒོ་འབྱེད་རྣམ་པ་ཅན་གྱི་རྒྱལ་སྤྱིའི་དམག་དོན་བརྗེ་རེས་དང་མཉམ་ལས་ཀྱི་སྟེགས་བུ་ཞིག་ཏུ་གྱུར་ཡོད། 

ཉིས་སྟོང་ཉི་ཤུ་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་དེ་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཟླ་དགུ་བའི་ཚེས་ལྔ་ཉིན་བར་ཨུ་རུ་སི་དང་། ཨུ་རུ་སི་དཀར་པོ། ཨེ་མེ་ནི་ཡཱ། ཨ་སེ་པེད་ཅང་། ཝུའུ་ཙི་པེ་ཁི་སི་ཐན་བཅས་ནས་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་གི་རུ་ཁག་བརྒྱ་དང་ང་དྲུག་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་ལ། འགྲན་ཞུགས་མི་གྲངས་སྟོང་ལྔ་ལས་བརྒལ་ཡོད། 

ཉིས་སྟོང་ཉི་ཤུ་ལོའི་དམག་དཔུང་ཞེས་པའི་རྒྱལ་སྤྱིའི་དམག་དོན་ལག་རྩལ་གླེང་སྟེགས་དེ་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་བར་རྒྱལ་གཅེས་མཁན་སྤྱི་གླིང་དང་ཁུའུ་པེན་ཁཱ་གནམ་གྲུ་ཐང་སོགས་ས་གནས་མང་བོ་ནས་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ་བདུན་ཅུ་ལྷག་ནས་ཡོང་བའི་ཁེ་ལས་སྟོང་གཅིག་དང་ལྔ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས་རྒྱུ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།