ཀི་ལུའུ་ཅི་ཡཱ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད། 
2020.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 70

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཀི་ལུའུ་ཅི་ཡཱ་ཡིས་ཨ་མེ་རི་ཁ་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་ཟླ་དགུ་བའི་ནང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཚབ་མིང་ལ་ཕུལ་བྱུང་གྲོགས་པོ་ཞེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཟླ་དགུ་བའི་ཚེས་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ཉེ་འདབས་ཀྱི་ཝ་ཅཱ་ནེ་དམག་དོན་རྟེན་གཞིར་སྤེལ་རྒྱུ་ཡིན་པ་དང་། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། ཕོ་ལན་བཅས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམག་དོན་མི་སྣ་སྟོང་གཉིས་དང་བདུན་བརྒྱ་ཙམ་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་དམག་དཔོན་ལས་ཁུངས་ཀྱི་དམག་དོན་སྦྱོང་བརྡར་དང་དམག་དཔུང་དངོས་ཀྱི་སྦྱོང་བརྡར་འདུས་ཡོད། དེའི་དམིགས་ཡུལ་ནི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ཀྱི་དམག་དཔུང་གི་འཐབ་འཛིང་ནུས་པ་དང་རོགས་ལས་འཐབ་འཁྲུག་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཟེར། ཀི་ལུའུ་ཅི་ཡཱའི་དམག་ཕྱོགས་ཀྱིས་འཁྲབ་ལྡན་འཁོར་ལོ་དང་འཐབ་འཁོར། མེ་སྒྱོགས་མ་ལག་སོགས་དམག་དོན་སྦྱོང་བརྡར་ལ་ཞུགས་སུ་འཇུག་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱི་འཁྲབ་ལྡན་འཁོར་ལོ་སོགས་སྦྱོང་བརྡར་ལ་ཞུགས་རྒྱུ་མ་ཟད། དམག་དོན་སྦྱོང་བརྡར་ལ་བར་སྣང་ནས་རྒྱབ་སྐྱོར་བྱེད་རྒྱུ་རེད་ཟེར། 

ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། ཕུལ་བྱུང་གྲོགས་པོ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ལོ་རེ་བཞིན་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་ནས་ཐེངས་རེར་སྤེལ་བཞིན་ཡོད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།