རྒྱ་གར་དང་ཨུ་རུ་སིའི་མཚོ་དམག་གིས་བྷང་ག་ལཱའི་མཚོ་ཁུགས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2020.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 148

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་དང་ཨུ་རུ་སིའི་མཚོ་དམག་གིས་ཚེས་བཞི་ཉིན་ནས་བཟུང་བྷང་ག་ལཱའི་མཚོ་ཁུགས་ནས་དུས་ཡུན་ཉིན་གཉིས་ཀྱི་དབྱིན་ཏི་ལཱ་མཚོ་དམག་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཡོད་ཟེར། 

བསྒྲགས་པ་ལྟར་ན། རྒྱ་གར་མཚོ་དམག་གི་མཐར་སྐྲོད་གྲུ་གཟིངས་ཤིག་དང་འགེབས་སྲུང་གྲུ་གཟིངས་གཅིག མཁོ་སྒྲུབ་ཁ་གསབ་གྲུ་གཟིངས་གཅིག་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་། ཨུ་རུ་སིའི་མཚོ་དམག་གིས་མཐར་སྐྲོད་གྲུ་གཟིངས་གཉིས་དང་མཁོ་སྒྲུབ་ཁ་གསབ་གྲུ་གཟིངས་གཅིག་མངག་ཡོད་ཟེར། 

ཉིས་སྟོང་གསུམ་ལོ་ནས་བཟུང་། རྒྱ་གར་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་དབྱིན་ཏི་ལཱ་མཚོ་དམག་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་ཡིན་ལ། མདེལ་དངོས་མའི་གཏོང་འཕེན་དང་མཁའ་སྲུང་། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ། མཚོ་ཇག་ལ་རྒོལ་བ་སོགས་ནང་དོན་འདུས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།