ཚེས་བདུན་ཉིན། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སིའི་ཉེ་འདབས་ཀྱི་ཝ་ཅཱ་ནེ་དམག་དོན་རྟེན་གཞི་ནས་ཚབ་མིང་ལ་གྲོགས་པོ་བཟང་བོ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས་བཅོ་བརྒྱད་ཉིན་བར་རྒྱུན་བསྲིང་རྒྱུའི་འཆར་གཞི་ཡོད།
ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ཧཱ་ལི་ཡཱ་ཡིས་ཉིན་དེར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། དམག་དོན་སྦྱོང་བརྡར་དེ་ནི་ཀི་ལུའུ་ཅི་ཡཱའི་དམག་དོན་སྟོབས་ཤུགས་བྱང་ཆིངས་རྩ་འཛུགས་ནང་འདྲེས་པར་བྱེད་པའི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་ཀི་ལུའུ་ཅི་ཡཱ་དང་དེའི་མི་དམངས་ལ་སྲུང་སྐྱོབ་བྱེད་པ་ལས་རྒྱལ་ཁབ་གཞན་པ་གང་རུང་ལ་དམིགས་པ་མིན་ཟེར།
ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཕོ་ལན། ཀི་ལུའུ་ཅི་ཡཱ་བཅས་ཀྱི་དམག་དོན་མི་སྣ་སྟོང་གཉིས་དང་བདུན་བརྒྱ་ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་ནས་མདེལ་དངོས་མའི་གཏོང་འཕེན་དང་འདྲེས་སྦྱོར་འཕྲུལ་ཆས་ཅན་སོགས་ཀྱི་ནང་དོན་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གི་རོགས་ལས་འཐབ་འཛིང་ནུས་པར་ཞིབ་བཤེར་དང་མཐོར་འདེགས་བྱེད་པའི་ཆེད་དུ་ཡིན་ཟེར།
ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་དེའི་སྔོན་སྤེལ་བའི་གསལ་སྒྲོག་ལྟར་ན། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གི་འཐབ་འཛིང་ནུས་པ་དང་རོགས་ལས་འཐབ་འཛིང་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་པ་དང་། ཀི་ལུའུ་ཅི་ཡཱའི་དམག་ཕྱོགས་ཀྱིས་འཁྲབ་ལྡན་འཁོར་ལོ་དང་འཐབ་འཁོར། མེ་སྒྱོགས་མ་ལག་སོགས་མངག་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་འཁྲབ་ལྡན་འཁོར་ལོ་སོགས་མངག་གཏོང་བྱེད་རྒྱུ་མ་ཟད། དམག་དོན་སྦྱོང་བརྡར་ལ་བར་སྣང་ནས་རྒྱབ་སྐྱོར་བྱེད་རྒྱུ་རེད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།