དབྱི་སི་རལ་གྱིས་གཞི་རྒྱ་ཆེ་བའི་དམག་དོན་འཁྲབ་སྦྱོང་བྱ་འགུལ་སྤེལ། 
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 148

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཉིན་དེ་ནས་བཟུང་ཚབ་མིང་ལ་སྲོག་གཅོད་ཀྱི་མདའ་ཞེས་པའི་གཞི་རྒྱ་ཆེ་བའི་དམག་དོན་འཁྲབ་སྦྱོང་བྱ་འགུལ་སྤེལ་འགོ་བརྩམས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་འཁྲབ་སྦྱོང་དེ་ཚེས་ཉེར་དགུའི་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། ནང་དོན་ལ་འཐབ་ཕྱོགས་སོ་སོའི་འཐབ་འཁྲུག་རྣམ་པར་ལད་མོ་བྱེད་རྒྱུ་ཡིན་ལ། བྱང་ཕྱོགས་ཀྱི་འཐབ་ཕྱོགས་གཙོ་བོར་བཟུང་ཡོད། དམག་དོན་འཁྲབ་སྦྱོང་དེས་དབྱི་སི་རལ་དམག་དཔུང་སོ་སོ་དང་འཐབ་འཁྲུག་ལས་ཁུངས་སྤྱི་ཁྱབ་པུའུ། བཀོད་འདོམ་ལྟེ་གནས་བཅས་ཀྱིས་འཐབ་འཁྲུག་གི་སྐབས་སུ་ཇི་ལྟར་རོགས་ལས་དང་འབྲེལ་འདྲིས་བྱེད་པར་དམིགས་ཡོད་པ་དང་། དམིགས་ཡུལ་ནི་དབྱི་སི་རལ་དམག་དཔུང་གི་དཔུང་འཇུག་ནུས་པ་མཐོར་འདེགས་བྱེད་པའི་ཆེད་དུ་རེད། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་མཁའ་དམག་དང་མཚོ་དམག ས་ངོས་དམག་དཔུང་། གསང་འཕྲིན་ཅུའུ། འཐབ་རྩལ་དང་མཁོ་སྒྲུབ་ཅུའུ། དྲ་རྒྱའི་འགོག་སྲུང་ཅུའུ་སོགས་ཐེངས་འདིའི་དམག་དོན་འཁྲབ་སྦྱོང་ལ་ཞུགས་རྒྱུ་རེད། 

དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཁི་ཧཱ་ཝེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། རྒྱལ་ཁབ་དེའི་བྱང་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་ནས། གནས་བབ་ཛ་དྲག་ཡིན་པ་དང་དགྲར་འཛིན་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པས། དབྱི་སི་རལ་དམག་དཔུང་གིས་གྲ་སྒྲིག་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཡོད་ཟེར། 

དབྱི་སི་རལ་གསར་འགྱར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་འཁྲབ་སྦྱོང་ནི་དབྱི་སི་རལ་གྱིས་ད་ལོར་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་འཁྲབ་སྦྱོང་ཞིག་ཡིན་པ་དང་། དམག་དོན་འཁྲབ་སྦྱོང་གི་གཙོ་གནད་ནི་དབྱི་སི་རལ་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་པར་འཐབ་འཁྲུག་བྱེད་པའི་རྣམ་པར་ལད་མོ་བྱས་ཡོད་པ་དེ་རེད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།