ཨུ་རུ་སིའི་མཁའ་འབབ་དམག་དཔུང་གིས་ཁི་ལི་མུས་ཡཱ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། 
2021.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཨུ་རུ་སིའི་མཁའ་འབབ་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་ནས་བཟུང་ཁི་ལི་མུས་ཡཱ་ཕྱེད་གླིང་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། ལོ་ཞི་སི་ཁི་གསར་བའི་རི་ཁུལ་མཁའ་འབབ་ཐོལ་རྒོལ་དམག་དཔུང་གི་མཁའ་འབབ་ཐོལ་རྒོལ་མདའ་ཤོག་དང་མེ་སྒྱོགས་མདའ་ཤོག་གི་དམག་མི་སྟོང་གཉིས་ལྷག་དང་མཚོན་ཆ་དང་སྒྲིག་ཆས་ཆེ་གྲས་བརྒྱ་ལྷག་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། དམག་དོན་སྦྱོང་བརྡར་སྤེལ་ས་དེ་ཁི་ལི་མུས་ཡཱ་ཤར་ཕྱོགས་ཀྱི་ཨོ་ཕུའུ་ཁི་སྦྱོང་བརྡར་ར་བ་ནས་སྤེལ་བ་དང་། དམག་དོན་སྦྱོང་བརྡར་ཉིན་གསུམ་ལ་སྤེལ་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལBMD-4Mརྟགས་ཅན་གྱི་མཁའ་འབབ་འཐབ་འཁོར་དངBTR-MDMརྟགས་ཅན་གྱི་འཁྲབ་ལྡན་འཁོར་ལོ་བཀོལ་སྤྱོད་བྱེད་རྒྱུ་རེད། 

ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པར། ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་གྱིས་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ། འདེམ་ཤོག་འཕེན་མཁན་བཅུ་ཆའི་དགུ་ལྷག་ཝུའུ་ཁི་ལན་དང་བྲལ་ནས་ཨུ་རུ་སིའི་རྒྱལ་ཁོངས་སུ་ཞུགས་པར་ཡིད་འཐད་བྱུང་། དེའི་རྗེས་སུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ས་ཁུལ་དེ་གཉིས་ཀྱི་འཐུས་མིའི་བར་ཆིངས་ཡིག་བཀོད་དེ། ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་མཉམ་འབྲེལ་རྒྱལ་ཕྲན་གྱི་ཐོབ་ཐང་གིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པར་ཆོག་མཆན་བཀོད། ཝུའུ་ཁི་ལན་གྱིས་གོང་གི་སྤྱི་བའི་བརྡས་ཐག་བཅད་པའི་མཇུག་འབྲས་དེ་ཁས་ལེན་བྱས་མེད་པ་དང་། ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་ཨུ་རུ་སིའི་མངའ་ཁོངས་སུ་བསྡུ་བར་ངོ་རྒོལ་བྱས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དོན་དེའི་དབང་གིས་ཨུ་རུ་སིར་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།