ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་ཁི་ལི་མུས་ཡཱ་ནས་དམག་དོན་སྦྱོང་བརྡར་སྤེལ། 
2021.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 488

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཚེས་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་ལི་མུས་ཡཱ་ཕྱེད་གླིང་དུ་བཀོད་སྒྲིག་བྱས་པའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་མཚོ་འགྲམ་རྟེན་གཞིའི་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའི་མེ་སྒྱོགས་རུ་ཁག་གིས་ཉེ་སྔོན་དམག་དོན་སྦྱོང་བརྡར་སྤེལ། དགྲ་ཕྱོགས་ཀྱི་གྲུ་གཟིངས་མཚོ་ནག་མཚོ་ཁོངས་སུ་ཡོང་བའི་རྣམ་པར་ལད་མོ་བྱས་ཏེ། དེར་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་སྤེལ། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་སྤེལ་བའི་སྐབས་སུ། འཐབ་འཛིང་མི་སྣས་གློག་རྡུལ་འཕུར་མདའ་བཀོལ་ནས་གྲུ་གཟིངས་ལ་དུས་མཉམ་ཆམ་ཕབ་བཏང་བ་དང་། དེ་ལས་གཞན་རུ་དཔུང་དེས་ད་རུང་བཟོ་སྐྲུན་སྒྲིག་ཆས་དང་གཡུལ་སའི་རྫུན་བཟོ་སོགས་ནང་དོན་གྱི་སྦྱོང་བརྡར་བྱ་འགུལ་ཡོངས་འགྲུབ་བྱས་ཟེར།

བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་དེ་ནི་ཨུ་རུ་སིའི་མཚོ་དམག་གིས་གཏན་འཁེལ་བྱས་པའི་འཐབ་འཛིང་སྦྱོང་བརྡར་འཆར་གཞི་གཞིར་བཟུང་སྟེ་སྤེལ་བ་རེད། 

གཞན་ཡང་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་མཚོ་དམག་གིས་ཚེས་གཅིག་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཧོས་ཐི་ནེ་རི་བོ་རྟགས་ཅན་གྱི་བཀོད་འདོམ་གྲུ་གཟིངས་དང་བཅས་པའི་ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་དྲུག་པ་མཚོ་ནག་མཚོ་ཁོངས་ཕྱོགས་སུ་ཡོང་བཞིན་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོས་ས་ཁུལ་དེ་ནས་སྤེལ་རྒྱུ་ཡིན་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྩིས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།