ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཉམ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་ཨུ་རུ་སི་ནས་སྤེལ།
2021.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 123

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་སྲ་བརྟན་གྱི་གྲོགས་པོའི་བརྩེ་མདངས་ཞེས་པའི་མཉམ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་དེ་ཚེས་བརྒྱད་ཉིན་ཨུ་རུ་སིའི་ཁཱ་ཧྲན་ཉེ་འདབས་སུ་སྤེལ་མགོ་བརྩམས། དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་གཉིས་ཉིན་བར་སྤེལ་རྒྱུ་རེད། 

ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གྱི་དམག་སྤྱི་ཡཱ་ལི་ཧྲན་ཏཱ་ལཱ་པེན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། མིག་སྔའི་ཆ་རྐྱེན་འོག མི་མངོན་པའི་འཇིགས་ཉེན་སེལ་ཆེད། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྔོན་ཆད་ཀྱི་དུས་སྐབས་གང་རུང་ལས་ཀྱང་མཐུན་སྒྲིལ་རོགས་ལས་བྱས་ཏེ། བདེ་འཇགས་དང་ཞི་བདེ་ལ་འགན་སྲུང་བྱེད་དགོས་ཟེར། 

བསྒྲགས་པ་ལྟར་ན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དྲུག་ནས་ཡོང་བའི་དམག་མི་ཁྲི་གཅིག་དང་སྟོང་བརྒྱད་ཙམ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོར་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ཡུལ་གྱར་བའི་སྒེར་སར་སྲུང་སྐྱོབ་བྱེད་པ། མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ལ་འགེབས་སྲུང་བྱེད་པ། གཏན་སྡོད་གྱི་གནས་འགོག་སྡོམ་བྱེད་པ། མི་གཏའ་མྱུར་སྐྱོབ་བྱེད་པ་སོགས་འདུས། རིགས་སྣ་ཚོགས་ཀྱི་མཚོན་ཆ་དང་སྒྲིག་ཆས་སུམ་བརྒྱ་ཙམ་བེད་སྤྱོད་བྱས་ཡོད། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དེ་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བཙུགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཀོད་པའི་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་ལས་འཕེལ་འགྱུར་བྱུང་བ་ཡིན་ལ། མིག་སྔར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་ཁོངས་གཏོགས་རྒྱལ་ཁབ་དྲུག་འདུས། 


བསོད་ནམས་ཚེ་རིང་གིས་བསྒྱུར།