ཝུའུ་ཁི་ལན་སོགས་རྒྱལ་ཁབ་ཀྱི་མཚོ་དམག་གིས་མཚོ་ནག་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 
2021.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་དམག་སྤྱི་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་མཚོ་དམག་གིས་ཉིན་དེར་ཨ་མེ་རི་ཁ་དང་ཐུར་ཁེ། རོ་མཱ་ནི་ཡཱ་བཅས་ཀྱི་མཚོ་དམག་དང་མཉམ་དུ་མཚོ་ནག་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་རེད། 

བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་བཞིའི་མཚོ་དམག་གི་གྲུ་གཟིངས་བདུན་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དེའི་ནང་ཝུའུ་ཁི་ལན་མཚོ་དམག་གི་སི་ལཱ་ཝེ་དབྱང་སི་ཁི་རྟགས་ཅན་གྱི་སྐོར་གཡེང་གྲུ་གཟིངས་དང་། ཡུག་ལི་ཨོ་ལེ་ཧྥེ་ལེན་ཁི་རྟགས་ཅན་གྱི་སྐམ་སར་འབུད་པའི་གྲུ་གཟིངས། ཨ་མེ་རི་ཁའི་མཚོ་དམག་གི་ཧོས་ཐི་ནེ་རི་བོ་རྟགས་ཅན་གྱི་བཀོད་འདོམ་གྲུ་གཟིངས་སོགས་འདུས། ཨ་མེ་རི་ཁ་ཕྱོགས་ཀྱིས་ད་རུང་སྐོར་གཡེང་གནམ་གྲུ་ཞིག་དང་གྱེན་འཕུར་གནམ་གྲུ་ཞིག་དམག་དོན་སྦྱོང་བརྡར་ལ་ཞུགས་སུ་བཅུག་ཡོད། 

བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་ལ་བྱང་ཆིངས་རྩ་འཛུགས་ཀྱི་ཚད་གཞི་སྤྱད་ཡོད་པ་དང་། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་འཐབ་རྩལ་དང་བརྡ་རྟགས། འཕྲིན་གཏོང་སོགས་འདུས། དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་མཚོ་དམག་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཚོ་དམག་གི་མཐུན་སྦྱོར་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་རེད། 

ཨ་མེ་རི་ཁའི་མཚོ་དམག་གི་ཧོས་ཐི་ནེ་རི་བོ་རྟགས་ཅན་གྱི་བཀོད་འདོམ་གྲུ་གཟིངས་དང་པའོ་ཐི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཉེ་སྔོན་མཚོ་ནག་མཚོ་ཁོངས་སུ་ཡོང་ཡོད་པ་དང་། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉེ་སྔོན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་མཚོ་ནག་མཚོ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་ཇེ་མང་དུ་སོང་བས། འབྲེལ་ཡོད་བྱ་འགུལ་དེས་ས་ཁུལ་གྱི་བདེ་འཇགས་དང་འཐབ་ཇུས་གཏན་འཇགས་ཐད་འཇིགས་ཉེན་ཐེབས་སྲིད་པའི་ཚུལ་བསྟན་པར་མ་ཟད། ཨུ་རུ་སིའི་དམག་དཔུང་གིས་ཨ་མེ་རི་ཁའི་དམག་གྲུའི་མཚོ་ནག་གི་འགུལ་སྐྱོད་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པའི་ཚུལ་བསྟན། 


བསོད་ནམས་ཚེ་རིང་གིས་བསྒྱུར།