ཧན་གོ་དང་ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 
2022.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 82

ཧན་གོ་དང་ཨ་མེ་རི་ཁའི་མཚོ་དམག་གིས་ཚེས་ཉེར་དྲུག་ཉིན་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

ཧན་གོའི་མཚོ་དམག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་དགུའི་བར་སྤེལ་རྒྱུ་ཡིན་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ནས་སྤེལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གི་མཉམ་འབྲེལ་འཐབ་འཛིང་ལག་བསྟར་ནུས་པ་ཇེ་མཐོར་གཏོང་བའི་ཆེད་རེད། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་མཚོ་ཐོག་ནས་དམིགས་བསལ་དམག་དཔུང་ལ་རྒོལ་བའི་འཐབ་འཁྲུག་དང་། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་དམག་འཁྲུག མཁའ་སྲུང་འཐབ་འཁྲུག འཐབ་རྩལ་སྒུལ་འཁོར་གྱི་སྦྱོང་བརྡར་སོགས་འདུས། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད། ཧན་གོ་དང་ཨ་མེ་རི་ཁས་བསྡོམས་པས་དམག་དོན་གྲུ་གཟིངས་ཉི་ཤུ་བཀོད་སྒྲིག་བྱས། དེའི་ནང་ཨ་མེ་རི་ཁའི་མཚོ་དམག་གི་ལོ་ནཱ་ཏི་ལི་ཀིན་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་བབས་སའི་གྲུ་གཟིངས་དང་། ཆན་སི་ལེ་སི་ཝེར་རྟགས་ཅན་གྱི་སྐོར་ཞིབ་གྲུ་གཟིངས། པཱ་ལི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས། ཧན་གོའི་དམག་དཔུང་གི་ཞི་ཡཱ་ལིའུ་ཁྲིན་ལུང་རྟགས་ཅན་གྱི་ཀྲིག་སི་ཏོན་མཐར་སྐྲོད་གྲུ་གཟིངས། ཝུན་ཝུའུ་རྒྱལ་བོ་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་སོགས་འདུས། 

དེ་ལས་གཞན་ཧན་གོ་དང་ཨ་མེ་རི་ཁས་ད་རུངFA-18རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་སྟེང་གི་གནམ་གྲུ་དངP-3དངP-8རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་སྐོར་ཞིབ་གནམ་གྲུ། རི་སྐྱེས་བྱི་ལ་དང་མཚོ་གླག་རྟགས་ཅན་གྱི་མཚོ་ཐོག་གི་འཐབ་འཛིང་གྱེན་འཕུར་གནམ་གྲུ་སོགས་མཚོ་དམག་གི་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས་སུ་བཅུག་ཡོད། ཧན་གོའི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་དང་ཨ་མེ་རི་ཁའི་སྐམ་དམག་གི་གྱེན་འཕུར་གནམ་གྲུ་སོགས་ཀྱང་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 

ཟླ་འདིའི་ཟླ་མགོར། ཁའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཁྲའོ་ཞན་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་སློབ་ཚོགས་ཀྱི་སྙན་ཞུ་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་ལས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་བསྟུད་མར་ཟང་ཟིང་དུ་བཏང་ཡོད་ལ། དེ་ནི་ཉིང་རྡུལ་མཚོན་ཆའི་འཐབ་འཁྲུག་གི་མཐའ་རུ་ལྷུང་བའི་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་པ་དང་། ཁྲའོ་ཞན་ལྷོ་བྱང་གི་མི་རིགས་འགྲིག་མཐུན་དང་མཐུན་སྒྲིལ། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བཅས་མངོན་འགྱུར་བྱེད་པའི་བཀག་རྒྱ་གཙོ་བོ་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།