ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 
2022.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ཚེས་ཉི་ཤུ་ཉིན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། ཉིན་དེར་ཨ་མེ་རི་ཁའིB-52Hརྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུ་དེ་ཁྲའོ་ཞན་ཕྱེད་གླིང་ཉེ་འཁོར་གྱི་ས་ཁོངས་སུ་འཕུར་སྐྱོད་བྱས། 

ཧན་གོའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་མཁན་ལ་ཨ་མེ་རི་ཁའི་མཁའ་དམག་གིF-22རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་། ཧན་གོའི་མཁའ་དམག་གིF-35དངF-15Kརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདུས། དམག་དོན་སྦྱོང་བརྡར་དེ་ཅི་ཀྲིག་གླིང་ཕྲན་གྱི་ལྷོ་ནུབ་ས་ཁུལ་ནས་སྤེལ་བ་རེད། 

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་མཁའ་དམག་གིF-22རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཡིས་གཟའ་འཁོར་འདིའི་ནང་ཧན་གོའིF-35Aརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་མཉམ་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། 

ད་ལོའི་ཟླ་དགུ་བར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཁྲའོ་ཞན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་སློབ་ཚོགས་ཀྱི་སྙན་ཞུ་སྤེལ་ཏེ་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་ནི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་བསྟུད་མར་ཟང་ཟིང་དུ་འགྱུར་བ་དང་། ཉིང་རྡུལ་ནུས་པའི་འཐབ་འཁྲུག་འབྱུང་ཉེན་ཡོད་པའི་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་ལ། ལྷོ་བྱང་བར་མི་རིགས་འགྲིག་མཐུན་དང་མཐུན་སྒྲིལ་ཡོང་བ། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་མངོན་འགྱུར་བྱེད་པ་བཅས་ཀྱི་བཀག་རྒྱ་གཙོ་བོ་ཞིག་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།