ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་ཡིས་མཉམ་འབྲེལ་འཕུར་སྐྱོད་འཐབ་རྩལ་གྱི་སྦྱོང་བརྡར་བྱ་འགུལ་སྤེལ། 
2023.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དཀར་པོ་དང་ཨུ་རུ་སིའི་ས་ཁོངས་མཉམ་འབྲེལ་དམག་དཔུང་གི་ཁོངས་སུ་གཏོགས་པའི་མཁའ་དམག་གིས་ཉིན་དེ་ནས་བཟུང་མཉམ་འབྲེལ་འཕུར་སྐྱོད་འཐབ་རྩལ་གྱི་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་ཟེར། 

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་གཙོ་བོ་ནི་ཕྱོགས་གཉིས་ཀྱི་མཉམ་དུ་འཐབ་འཁྲུག་སྦྱོང་བརྡར་ལས་འགན་ཡོངས་འགྲུབ་བྱེད་པའི་རོགས་ལས་རང་བཞིན་ལ་ཤུགས་སྣོན་པའི་ཆེད་དུ་ཡིན་ཟེར། དམག་དོན་སྦྱོང་བརྡར་སྐབས་སུ་བར་སྣང་མྱུལ་ཞིབ་དང་། མཐའ་མཚམས་མཁའ་ཁོངས་ཀྱི་མཉམ་འབྲེལ་སྐོར་གཡེང་། བར་སྣང་རོགས་སྐྱོར། འཐབ་རྩལ་མཁའ་འབབ། དངོས་ཟོང་སྐྱེལ་འདྲེན། རྨས་མའི་སྐྱེལ་ལེན་སོགས་ནང་དོན་རབ་དང་རིམ་པར་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱི་མཁའ་དམག་སྦྱོང་བརྡར་ལ་ཞུགས་ཡོད། 

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་དེའི་སྔོན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་འཕུར་སྐྱོད་འཐབ་རྩལ་སྦྱོང་བརྡར་བྱ་འགུལ་དེ་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ནས་ཟླ་གཉིས་པའི་ཚེས་གཅིག་ཉིན་བར་སྤེལ་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།