ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2023.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 521

ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ཉིན་དེར་མཉམ་འབྲེལ་གྱི་བར་སྣང་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཨ་མེ་རི་ཁའི་མཁའ་དམག་གིB-1Bརྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་ཕྱེད་གླིང་ནུབ་ངོས་ཀྱི་མཚོ་ཁོངས་དང་ཧན་གོའི་དབུས་ཕྱོགས་སྐམ་སའི་བར་སྣང་ནས་སྤེལ་དང་། ཨ་མེ་རི་ཁའི་མཁའ་དམག་གིB-1Bརྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུ་དང་ཧན་གོའི་མཁའ་དམག་གིF-15Kརྟགས་ཅན་དང KF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། ཧན་གོའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གི་མཉམ་འབྲེལ་འཐབ་འཁྲུག་ལག་བསྟར་ནུས་པ་དང་རོགས་ལས་ནུས་པ་ཇེ་དྲག་ཏུ་གཏོང་བར་ཕན་ཐོགས་ཡོད་ཟེར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཕྱིན་ཆད་ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་དང་གྲོས་མོལ་དམ་ཟབ་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་འཐབ་ཇུས་རྒྱུ་ནོར་གྱི་བཀོད་སྒྲིག་དང་འབྲེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མང་དུ་སྤེལ་ནས། ཨ་མེ་རི་ཁའི་འཐབ་ཇུས་རྒྱུ་ནོར་དེ་ཁྲའོ་ཞན་ཕྱེད་གླིང་དུ་རྒྱུན་རྣམ་ཅན་དུ་བཀོད་སྒྲིག་བྱེད་པའི་ཕན་ནུས་ཐོན་པར་བྱེད་རྒྱུ་ཡིན་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོ་ཡིས་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞིའི་ཐད་ནས་རྒོལ་གཏམ་དྲག་པོ་བཏང་། ཁྲའོ་ཞན་ཕྱོགས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་སོགས་སྟོབས་ཤུགས་ཀྱི་དམག་དོན་ངོ་རྒོལ་དང་དགྲར་འཛིན་བྱ་སྤྱོད་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཆེས་ཉེན་ཁའི་གནས་སུ་ལྷུང་དུ་བཅུག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།