ཧྥེ་ལེ་པེན་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་དུས་ཡུན་ཉིན་བཅོ་བརྒྱད་ཡིན་པའི་ཉིས་སྟོང་ཉེར་གསུམ་ལོའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཧྥེ་ལེ་པེན་གྱི་མང་ཚོགས་མི་ཉུང་བ་ཞིག་གིས་འདུ་ཚོགས་བསྡུས་ཏེ་དམག་དོན་སྦྱོང་བརྡར་དེར་ངོ་རྒོལ་བྱས་པ་དང་། མཁས་པ་ལ་ལས་བལྟས་ན་དམག་དོན་སྦྱོང་བརྡར་དེས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཉེན་ཁ་བཟོ་སྲིད་པར་འདོད་ཡོད།
ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བཤད་རྒྱུར། དམག་དོན་མི་སྣ་ཁྲི་གཅིག་དང་སྟོང་བདུན་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཅིང་། དེའི་ནང་ཧྥེ་ལེ་པེན་ཕྱོགས་ཀྱི་མི་སྣ་སྟོང་ལྔ་དང་བཞི་བརྒྱ་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱི་མི་སྣ་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་ཡོད། དེ་ནི་གཞི་རྒྱ་ཆེས་ཆེ་བའི་དཔུང་བ་མཉམ་གཤིབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་ཤིག་རེད། གཞན་ཡང་ཨོ་སི་ཁྲུ་ལི་ཡཱའི་དམག་དོན་མི་སྣ་བརྒྱ་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། འཇར་པན་གྱིས་ཀྱང་དམག་དོན་ལྟ་ཞིབ་པ་མངག་གཏོང་བྱེད་རྒྱུ་རེད།
དམག་དོན་སྦྱོང་བརྡར་དེ་ཧྥེ་ལེ་པེན་གྱི་ལོས་སུང་གླིང་ཕྲན་བྱང་མ་དང་པཱ་ལཱ་ཝང་ཞིང་ཆེན། པཱ་ཐན་གླིང་ཚོམས་ཞིང་ཆེན། སན་མེའོ་ལིས་ཧྲི་ཞིང་ཆེན་སོགས་ས་ཁུལ་དུ་སྤེལ་རྒྱུ་རེད། རྣམ་གྲངས་ལ་མཚོ་ཐོག་བདེ་འཇགས་དང་མཚོ་སྐམ་གཉིས་ཀྱི་ལས་འགན། མདེལ་དངོས་མའི་གཏོང་འཕེན། དྲ་རྒྱའི་བདེ་འཇགས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད། གནོད་སེལ་རྒུད་སྐྱོབ། མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་སོགས་འདུས། ཕྱོགས་གཉིས་ཀྱིས་དམག་དོན་སྦྱོང་བརྡར་ཁྲོད་རྒྱལ་གཅེས་མཁན་ཅེས་པའི་མཁའ་སྲུང་འཕུར་མདའི་མ་ལག་དང་ཧེ་མཱ་སི་སྦུག་མང་མེ་ཤུགས་འཕུར་མདའི་མ་ལག་བཀོད་སྒྲིག་བྱེད་རྒྱུ་རེད།
ཉིན་དེར་ཧྥེ་ལེ་པེན་གྱི་མང་ཚོགས་བརྒྱ་ཕྲག་འགས་ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་ཧྥེ་ལེ་པེན་གྱི་དྲག་ཆས་དམག་དཔུང་སྤྱི་ཁྱབ་པུའུ་ཡི་ཕྱི་རོལ་ནས་འདུ་ཚོགས་བསྡུས་པ་དང་། དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་ཏེ། ཨ་མེ་རི་ཁའི་དམག་དཔུང་ཧྥེ་ལེ་པེན་གྱི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན།
ཧྥེ་ལེ་པེན་གྱི་ཨེ་ཤ་ཡཱ་གླིང་དུས་རབས་ཞེས་པའི་འཐབ་ཇུས་ཞིབ་འཇུག་ཁང་གི་མགོ་བ་གཞོན་པ་ཨན་ནཱ་མཱ་ལིན་པའོ་ཀི་ཝུའུ་དབྱེ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཐ་ན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཉེན་ཁ་བཟོ་སྲིད་པ་དང་། ཧྥེ་ལེ་པེན་རྒྱལ་ཁབ་དེ་གནོད་ཐེབས་མཁན་གཙོ་བོར་འགྱུར་སྲིད་ཟེར།
ཧྥེ་ལེ་པེན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཧྥེ་ལེ་པེན་རིག་མཛོད་མི་དམངས་སྲིད་ཞུགས་དབང་ཆའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལོ་ལན་ཞིན་པུའུ་ལན་གྱིས་བཤད་རྒྱུར། ཧྥེ་ལེ་པེན་གྱིས་སྒེར་ཚུགས་རང་བདག་གི་ཕྱི་ཕྱོགས་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཉེ་འཁོར་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་སུ་སོང་ན་ད་གཟོད་ཧྥེ་ལེ་པེན་མང་ཚོགས་ཀྱི་ཁེ་ཕན་དང་འཚམ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།