ཉིས་སྟོང་བཅུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་རྒན་གསུམ་མི་སྣར་འཚོ་བའི་ཁ་གསབ་མ་དངུལ་སྟེར་ཚད་དེ་མི་རེར་ཟླ་རེར་སྒོར་མོ་ལྔ་བཅུ་ཇེ་མང་དུ་བཏང་། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རྒན་གསུམ་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་ཡང་བསྐྱར་ཇེ་མཐོར་བཏང་བ་དང་། ཉིས་སྟོང་བཅུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། རང་སྐྱོང་ཁུལ་གྱིས་སྔོན་ཆད་ཀྱི་རྨང་གཞིའི་སྟེང་རྒན་གསུམ་མི་སྣར་འཚོ་བའི་ཁ་གསབ་སྟེར་ཚད་དེ་མི་རེར་ཟླ་རེར་སྒོར་མོ་ལྔ་བཅུ་བསྣན་ནས། སྔར་གྱི་མི་རེར་ཟླ་རེར་སྒོར་མོ་སུམ་བརྒྱ་ལྔ་བཅུ་དང་། ཉིས་བརྒྱ། བརྒྱ་དང་ལྔ་བཅུ་བཅས་སྟེར་བ་ནས་སོ་སོར་སྒོར་མོ་བཞི་བརྒྱ་དང་། ཉིས་བརྒྱ་ལྔ་བཅུ། ཉིས་བརྒྱ་བཅས་ལ་ཇེ་མཐོར་བཏང་། ཉིས་སྟོང་བཅུ་ལོའི་ལུགས་རྙིང་ལོ་སར་དང་། ལུགས་གསར་ལོ་སར་གྱི་སྔོན་ལ། ལོ་སར་གྱི་ཁ་གསབ་ཚད་གཞི་ལྟར། ལྗོངས་ཡོངས་ཀྱིས་རྒན་གསུམ་མི་སྣ་ཁྲི་གཅིག་དང་སྟོང་དྲུག་དགུ་བརྒྱ་རེ་ལྔར་ཟླ་དང་པོ་ནས་ཟླ་གསུམ་པའི་བར་གྱི་འཚོ་བའི་ཁ་གསབ་སྒོར་མོ་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་ལྔ་ལྷག་སྟེར་རྒྱུ་རེད་ཟེར།
ལོ་ཙཱ་བ། ཚེ་རིང་སྒྲོལ་མ།