དབྱི་ཐཱ་ལེའི་ཙུང་ལི་པེ་ལུའུ་སི་ཁི་ནེ་ཡིས་ཚེས་དྲུག་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཀའེ་ཐི་དང་གྲོས་མོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་གནས་བབ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་སོགས་རྒྱལ་སྤྱིའི་གནད་དོན་གཙོ་བོའི་ཐད་ནས་བརྗེ་རེས་བྱས།
པེ་ལུའུ་སི་ཁི་ནེ་ཡིས་ཀའེ་ཐི་ལ་རང་ཉིད་ཀྱིས་ཉེ་སྔོན་ཀྲུང་ཏུང་ས་ཁུལ་དུ་འཚམས་འདྲི་བྱས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། དབྱི་ཐཱ་ལེ་སྲིད་གཞུང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་བརྟན་པོ་བསྐྱར་སྒྲོག་བྱས། ཁོས་དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་བལྟས་ན་ངེས་པར་དུ་དབྱི་ལིང་ལ་གནོན་ཤུགས་ཆེན་པོ་བྱིན་ནས། དབྱི་ལིང་གིས་རང་གི་ལངས་ཕྱོགས་བསྒྱུར་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཡང་བསྐྱར་ཡིད་ཆེས་ཐོབ་པར་བྱེད་པའི་འདོད་བློ་མངོན་པར་བྱེད་དུ་འཇུག་དགོས་པར་འདོད།
ཀའེ་ཐི་ཡིས་དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་འགུལ་བསྐྱོད་ཁྲོད་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་གང་ལེགས་བྱས་པར་མ་ཟད། པེ་ལུའུ་སི་ཁི་ནེ་ལ་ཨ་ཧྥུའུ་ཧན་གྱི་གནས་བབ་གསར་བ་མཚམས་སྦྱོར་བྱས། ཀའེ་ཐི་ཡིས་དབྱི་ཐཱ་ལེ་སྲིད་གཞུང་གིས་ཨ་ཧྥུའུ་ཧན་གནད་དོན་ཐད་ནས་ཨ་མེ་རི་ཁ་རྒྱལ་ཁབ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ཧེ་ཐིའི་ས་འགུལ་ཁྲོད་མགྱོགས་མྱུར་གྱི་རྒུད་སྐྱོབ་འགུལ་བསྐྱོད་སྤེལ་བར་གཟེངས་བསྟོད་བྱས། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།