ཨུ་རུ་སུ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུ་ལོ་ཧྥུ་ཡིས་ཚེས་དྲུག་ཉིན་མུའུ་ནེ་ཧེ་ཡི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་སྟེང་ཡོ་རོབ་གླིང་གི་བདེ་འཇགས་ཁྱབ་ཁོངས་གསར་བ་འཛུགས་དགོས་པའི་འབོད་སྐུལ་བཏང་།
ལཱ་ཧྥུ་ལོ་ཧྥུ་ཡིས་བཤད་རྒྱུར། ཨུ་རུ་སུ་རྒྱལ་ཁབ་ཀྱིས་མིག་སྔའི་ཡོ་རོབ་གླིང་གི་བདེ་འཇགས་ཁྱབ་ཁོངས་ཁྲོད་བྱང་ཆིངས་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་པའི་རྣམ་པ་རྙིང་བ་དེ་བསྒྱུར་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་སྲིད་ཇུས་གསར་བར་འགན་སྲུང་བྱེད་དགོས་པ་དང་། ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་དེ་ཨུ་རུ་སུ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པ་མཉམ་དུ་ཞུགས་པའི་ཕན་ནུས་སྔར་ལས་ཆེ་བའི་ལས་ཁུངས་ཤིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ལཱ་ཧྥུ་ལོ་ཧྥུ་ཡིས་ཚོགས་ཐོག་ནས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དེ་གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོའི་བཅུ་གཉིས་ནས་ད་ལྟའི་ཉེར་བརྒྱད་དུ་ཇེ་མང་ལ་སོང་ཡོད་ལ། དེས་ཡོ་རོབ་གླིང་དེ་འདྲ་མཉམ་མིན་པའི་ས་ཁོངས་མང་བོར་བགོས་ཡོད་པར་འདོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།