ཚེས་ལྔ་ཉིན་ཚོགས་པའི་མཚོ་སྔོན་པོའི་མཐའ་འཁོར་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་དོ་དམ་ཅུའུ་ཡི་བྱ་བའི་གྲོས་ཚོགས་སྟེང་ཧྲིན་ཀྲང་གཞོན་པ་ཅི་ཏིས་མཱ་ཅ་ཡིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་གྲོལ་དང་གསར་གཏོད་གསར་སྤེལ་བྱས་ནས་ནན་ཏན་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་། སྲིད་གཞུང་བྱ་བའི་སྙན་ཞུ་བཅས་ལས་བཏོན་པའི་རེ་བ་ལྟར། སླད་མེད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་པ་དང་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྐང་བཙུགས་སྟེ་མཚོ་སྔོན་པོའི་མཐའ་འཁོར་དུ་ཚོང་འགུག་དངུལ་འདྲེན་བྱེད་པ་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་གོམ་སྟོབས་ཇེ་མགྱོགས་སུ་བཏང་ནས་མཚོ་སྔོན་པོའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་འཕེལ་རྒྱས་གསར་བ་འབྱུང་པར་སྐུལ་འདེད་གཏོང་དགོས་ཟེར།
ཅི་ཏིས་མཱ་ཅས་བསྟན་དོན། 2009ལོ་ནི་མཚོ་སྔོན་པོའི་གནས་སྐོར་དོ་དམ་མ་ལག་བཅོས་བསྒྱུར་བྱས་པའི་ལོ་གཉིས་པ་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་གསུམ་གྱི་ནང་གནས་སྐོར་གྱི་གཞི་ཁྱོན་མཐོང་དགོས་པ་དང་ལོ་ལྔའི་ནང་གནས་སྐོར་བྱེད་ཡུལ་གྲགས་ཅན་དུ་གཏོང་དགོས་པའི་རེ་བ་ལྟར། མཚོ་སྔོན་པོའི་མཐའ་འཁོར་དུ་འཆར་གཞི་འགོད་པ་དང་ཇུས་འགོད་བྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཚོང་འགུག་དངུལ་འདྲེན་བྱེད་པ། གནས་སྐོར་དྲིལ་སྒྲོག་བྱེད་པ། གནས་སྐོར་ཚོང་ར་བཅོས་སྐྱོང་བྱེད་པ། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཕན་ནུས་ལྡན་པའི་བྱ་བ་མང་པོ་སྒྲུབ་པས་མཚོ་སྔོན་པོའི་མཐའ་འཁོར་གྱི་རྣམ་པར་འགྱུར་ལྡོག་མངོན་གསལ་བྱུང་སྟེ་སྔོན་དཔག་གི་དམིགས་འབེན་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོས་ནས་མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་པར་རྨང་གཞི་བཟང་པོ་ཞིག་བཏང་ཟེར།
ཅི་ཏིས་མཱ་ཅ་ཡིས་ནན་གྱིས་བསྟན་དོན། 2010ལོར་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་འཕྲད་དཀའ་བའི་གོ་སྐབས་ལ་ཐུག་མོད། འོན་ཀྱང་མདུན་དུ་ལྷགས་པའི་ལས་འགན་ཡང་ཧ་ཅང་ལྗིད། ང་ཚོས་གང་ལེགས་སྒོས་དེང་སྐབས་ཀྱི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ངོས་འཛིན་གསལ་བོ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་རིམ་པ་མཐོ་བའི་ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས་མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་དུ་ཚད་གཞི་མཐོ་བའི་འཛུགས་སྐྲུན་ལས་གཞི་སྤེལ་ཏེ་ས་ཁུལ་དེ་མགྱོགས་མྱུར་ངང་གནས་སྐོར་ལས་རིགས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་སླེབས་་པར་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་བྱེད་ཐབས་བཟང་པོ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མཚན་སྙན་ཡོད་པའི་གནས་སྐོར་བྱེད་ཡུལ་ཞིག་ཏུ་གཏོང་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ལྷ་མོ།