མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཡུལ་དངོས་གྲོས་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་འདུའི་གནས་ཚུལ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཡུལ་དངོས་གྲོས་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་འདུ་དེ་ལུགས་གསར་གྱི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་གྱི་རྣམ་རྒྱལ་མགྲོན་ཁང་ནས་འཚོགས་མགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་པ་དང་། ཚོགས་ཐོག་ནས་ཐོག་མར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་བང་ཞའོ་ཆིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཁྲའོ་དབྱང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་ཅིན་ཧེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞོན་ཧྲིན་བཅས་བཞི་བོས་རང་ས་གནས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་གནས་ཚུལ་སྙན་སེང་ཞུ་བ་དང་།དེའི་རྗེས་སུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་དང་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གཉིས་ཀྱིས་གཏམ་བཤད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་འདས་ཟིན་པའི་ལོ་ངོ་སུམ་ཅུ་རིང་གི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཁྲོད་བླངས་བའི་ཉམས་དགའ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་།ད་ལྟའི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་བྱ་བའི་རྣམ་པ་ལ་སྐྱོན་ཡོན་གཉིས་ལྡན་སྒོས་མཛུབ་སྟོན་གནང་བ། མ་འོངས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བར་རེ་བ་གལ་ཆེན་བཏོན་པར་མ་ཟད། མཇུག་མཐར་ད་དུང་འབྱོར་ཕྱུག་ལྡན་པ་དང་དཔལ་ཡོན་ལྡན་པའི་འཆམ་མཐུན་ཅན་གྱི་མཚོ་སྔོན་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས་ན་ཆེས་ཆེ་བའི་འགན་ཁུར་དེ་ཞིང་ཕྱུགས་ལས་ས་ཁུལ་ན་ཡོད་པ་དང་ཆེས་རྒྱ་ཆེ་བའི་རྨང་གཞི་ཡང་རོང་འབྲོག་པ་མང་ཚོགས་ཡིན་པ། ཚང་མས་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་ཚན་རིག་དང་མཐུན་པའི་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་བརྟེན་ནས་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་བའི་སྐོར་གྱི་གཏམ་བཤད་གལ་གནངས།
ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་ད་ལོའི་ལོ་སྟོད་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བའི་གནས་བབ་ལ་སྤྱི་བསྡོམས་དང་། ལོ་མཇུག་གི་ཞིང་ཕྱུགས་ལས་བྱ་བ་ལ་རེ་བ་གལ་ཆེན་བཏོན་པ་དང་བཀོད་སྒྲིག་བཟང་བོ་བྱས།
ལོ་སྟོད་ཀྱི་བྱ་བར་སྤྱི་བསྡོམས་བྱེད་སྐབས་གཙོ་བོ་དོན་ཚན་ཆེན་པོ་བདུན་གྱི་སྒོ་ནས་བཤད།
གཅིག ཞིང་ཕྱུགས་ལས་ཐད་ལ་བཏོན་པའི་མ་དངུལ་མངོན་གསལ་སྒོས་ཇེ་མང་ལ་སོང་བ།
གཉིས། ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ལས་ཀྱི་གཞི་རྒྱ་སྔར་ལས་ལྷག་པས་རྒྱ་བསྐྱེད་ཡོད་པ།
གསུམ། ཞིང་ཕྱུགས་ལས་ཐོན་ལས་ལ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་ལ་སོང་ཡོད་པ།
བཞི། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་ལ་འགྱུར་ལྡོག་གསར་བ་བྱུང་བ།
ལྔ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ནུས་ཤུགས་ཇེ་ཆེར་སོང་ཡོད་པ།
དྲུག དབུལ་སྐྱོར་གསར་སྤེལ་བྱ་བའི་ཁྲོད་ཕན་འབྲས་ལྡན་པའི་གྲུབ་འབྲས་བླངས་པ།
བདུན། སྐྱེས་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་བརྟན་བརླིང་ངང་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་བཅས་རེད།
ལོ་སྨད་ཀྱི་བྱ་བར་རེ་བ་དང་བཀོད་སྒྲིག་བྱེད་སྐབས་གཙོ་བོ་དོན་ཚན་ཆེན་པོ་བརྒྱད་དུ་འདུས་པ་སྟེ།
གཅིག རོང་འབྲོག་པ་མང་ཚོགས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་དགོས་པ།
གཉིས། དབྱར་ཁ་དང་སྟོན་ཁའི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བ་ནན་ཏན་གྱིས་འཛིན་དགོས་པ།
གསུམ། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་བྱེད་དགོས།
བཞི། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱེད་དགོས་པ།
ལྔ། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་ལ་ཤུགས་སྣོན་བྱེད་དགོས་པ།
དྲུག ཞིང་ཕྱུགས་ལས་ས་ཁུལ་གྱི་ཁག་ཐེག་རང་བཞིན་གྱི་གཏན་སྡོད་བྱ་བའི་ལས་གཞི་རྨ་གྲངས་ལ་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པ།
བདུན། རོང་འབྲོག་པ་མང་ཚོགས་ཀྱི་ལག་ཤེས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་བྱ་བ་བཟང་བོར་འཛིན་དགོས་པ།
བརྒྱད། སྔ་མོ་ནས་ལོ་རྗེས་མའི་བྱ་བར་འཆར་གཞི་འགོད་དགོས་པ་བཅས་རེད།
མཇུག་མཐར་ཚོགས་ཞུགས་མི་སྣ་ཚང་མས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཁྲོད་བླངས་བའི་འབུར་དུ་ཐོན་པའི་གྲུབ་འབྲས་སྣ་ཚོགས་མཚོན་པའི་ས་གནས་ཁ་ཤས་ཀྱི་ཆེད་བསྒྲིགས་བརྙན་སྡེར་ལ་བལྟས་བ་དང་། ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཡུལ་དངོས་གྲོས་ཚོགས་རྒྱལ་ཁའི་ངང་མཇུག་བསྡུས།
གཤམ་ནས་ཚོགས་རྭ་དངོས་ཀྱི་པར་རིས་འགའ་བཀོད་སྒྲིག་བྱས་ཡོད། ༼པར་རྣམས་ཚོགས་འདུའི་གོ་རིམ་ལྟར་བཞག་ཡོད།༽
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཡུལ་དངོས་གྲོས་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་གྱི་རྣམ་རྒྱལ་མགྲོན་ཁང་ནས་འཚོགས་མགོ་བརྩམས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་བཞིན་པའི་ཚུལ།
ཚོགས་ཐོག་ནས་ཐོག་མར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་བང་ཞའོ་ཆིན་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཁྲའོ་དབྱང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་ཅིན་ཧེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞོན་ཧྲིན་བཅས་བཞི་བོས་རང་ས་གནས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་གནས་ཚུལ་སྙན་སེང་ཞུ་བ།
གོང་གི་པར་འདི་ནི།ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་བང་ཞའོ་ཆིན་གྱིས་གནས་ཚུལ་སྙན་སེང་ཞུ་བཞིན་པའི་ཚུལ་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་གཏམ་བཤད་གནང་བཞིན་པའི་ཚུལ།
ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་གཏམ་བཤད་གནང་བཞིན་པའི་ཚུལ།
ཚོགས་ཞུགས་མི་སྣས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་བྱ་བའི་ཁྲོད་བླངས་བའི་འབུར་དུ་ཐོན་པའི་གྲུབ་འབྲས་སྣ་ཚོགས་མཚོན་པའི་ས་གནས་ཁ་ཤས་ཀྱི་ཆེད་བསྒྲིགས་བརྙན་སྡེར་ལ་ལྟ་བཞིན་པའི་ཚུལ།
གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས།