ཚ་བ་རྒྱས་པ་ནི་བ་ལང་ལ་ནད་བྱུང་ཡོད་པའི་མཚོན་རྟགས་གཙོ་བོ་ཞིག་ཡིན། ལྷག་པར་དུ་ཡུན་རིང་ལ་ཚ་རྒྱས་ན་བ་ལང་གི་དབང་བོ་མ་ལག་གི་ནུས་པར་སྐྱོན་བྱུང་ནས་ལུས་ཟུངས་ཉམས་པ་དང་། འཇུ་སྟོབས་ཞན་ནས་ལུས་ཇེ་སྐམ་དུ་གྱུར་བའི་ནད་རྟགས་མངོན་སྲིད། དེའི་རྐྱེན་གྱིས་ཚ་རྒྱས་པའི་བ་ལང་ལ་མྱུར་དུ་ཟོག་སྨན་སྨན་པ་བོས་ནས་སྨན་བཅོས་བྱེད་དུ་འཇུག་དགོས་ལ། ཚ་བ་རྒྱས་པའི་བ་ལང་ལ་གཟན་ཆས་བཟང་བོ་དང་འདུག་ཁང་བཟང་བོར་བཀོད་སྒྲིག་བྱས་ནས་མྱུར་དུ་སངས་དྲག་ཏུ་གཏོང་དགོས།
ངལ་གསོ་བ། བ་ལང་ལ་གཙང་ཞིང་ལྷང་འཇགས་ཡིན་པའི་ཁོར་ཡུག་ཡོད་དགོས། ཚ་བ་རྒྱས་པའི་བ་ལང་གི་ངལ་གསོ་མང་བོ་བྱེད་དུ་བཅུག་ཏེ་འགུལ་སྤྱོད་བྱེད་ཚད་ཇེ་ཉུང་དུ་བཏང་ན་ལུས་ཟུངས་སད་ཚད་ཇེ་ཆུང་ལ་གཏོང་ཐུབ་པ་དང་ལུས་ལ་ཚ་དྲོད་རྒྱས་མི་སྲིད། ཚ་ལངས་ཡོད་པའི་བ་ལང་ཡུན་རིང་བོར་གཉིད་དུ་བཅུག་ན་དེའི་རིམས་འགོག་ནུས་ཤུགས་ཇེ་ཆེར་གྱུར་ནས་ལུས་སྟོབས་ཇེ་བཟང་དུ་གཏོང་ཐུབ།
ཆུ་མང་བོ་ལྡུད་དགོས། བ་ལང་ལ་ཚ་རྒྱས་རྗེས། བ་ལང་གི་ལུས་པའི་སྟོབས་སད་ནས་ཁ་ལྕེ་སྐམ་པ་དང་གཟན་ཆས་ཟ་འདོད་མེད་པར་འགྱུར། དེའི་རྐྱེན་གྱིས་ཆུ་མང་བོ་ལྡུད་དགོས། དེ་མིན་ཚེ་ནད་ཇེ་སྡུག་ཏུ་འགྲོ་ངེས་ཡིན། ཆུ་མང་བོ་བླུད་ན་ལུས་ཀྱི་གཤེར་ཁུ་ཇེ་མང་དུ་བཏང་ནས་རྒྱུ་མའི་ནད་དུག་ཕྱིར་ཕུད་ཐུབ། ཆུའི་ནང་དུ་ཀ་ར་དང་ཚྭ་ཁུ་འོས་འཚམས་རེ་བཏབ་ན་དེ་བས་ཀྱང་བཟང་།
རླུང་རྒྱུ་རུ་འཇུག་པ། བ་ལང་ལ་དྲོད་ལངས་སླ་བས་དབྱར་ཁ་ཉི་མའི་ཚ་དྲོད་ཆེ་དུས་སྒོ་དང་སྒེའུ་ཁུང་ཕྱེ་ནས་བསེར་བུ་རྒྱུ་རུ་བཅུག་ན་ལུས་ལ་དྲོད་མི་ལངས་པར་ཕན་པ་ཡོད། ལྷག་པར་ཉི་འོད་ཧ་ཅང་ཚ་སྡུག་ཆེ་བའི་ཉིན་གོང་དང་ཕྱི་དྲོའི་དུས་སུ་བསེར་བུ་འོས་འཚམས་རྒྱུ་རུ་བཅུག་ན་བ་ལང་གི་ལུས་ཀྱི་ཚ་གྲངས་ཇེ་དམའ་རུ་གཏོང་ཐུབ། ལུས་ཀྱི་དྲོད་གྲངས་མཐོ་དྲག་པ་དང་དམའ་དྲག་ན་ཡང་ཚ་རྒྱས་ཡོད་པའི་བ་ལང་ལ་གནོད་པ་ཡོད།
བསིལ་དུགས་མང་པོ་འཇོག་དགོས། ཚ་བ་རྒྱས་ཡོད་པའི་བ་ལང་གི་ལུས་ཀྱི་ཚ་གྲངས་ཇེ་མཐོར་སོང་དུས། སྨན་བཅོས་བྱེད་པ་ལས་གཞན་ད་དུང་ཆུ་འཁྱག་གིས་མགོ་བོར་བསིལ་དུགས་བྱེད་དགོས་ལ་རབ་ཡིན་ན་ལུས་ཡོངས་སུ་ཆུས་བརློན་པ་བྱས་ན་ཕན་འབྲས་དེ་བས་ཀྱང་ཆེ།
གཟན་ཆས་མང་ཙམ་སྟེར་བ། ཚ་རྒྱས་ཡོད་པའི་བ་ལང་གི་གཟན་ཆས་ཟ་ཚད་ཇེ་ཉུང་དུ་སོང་རྗེས། འཇུ་སླ་བ་དང་ཟ་འདོད་པ། ཚོ་བཅུད་བཟང་བོ་དང་ཚྭ་ཁུའི་བྲོ་བ་ལྡན་པའི་གཟན་ཆས་བཟང་བོ་སྟེར་བ། སྔོ་རྩྭའི་གཟན་ཆས་མང་པོ་བྱིན་ན་བ་ལང་གི་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་ལ། ནད་འགོག་གི་ནུས་པ་ཇེ་ཆེར་གཏོང་ཐུབ། མཁོ་གལ་ཆེ་དུས་གཟན་ཆས་ནང་དུ་གྲོད་པུ་དང་རྒྱུ་མར་ཕན་པའི་སྨན་བསྲེས་ནས་བླུད་ན་གཟན་ཆས་མང་པོ་ཟ་པར་ཕན་པ་ཡོད། གལ་ཏེ་ནད་བྱུང་ཡོད་པའི་བ་ལང་གིས་གཟན་ཆས་ཟ་ཚད་ཇེ་མང་ཡིན་ཚེ། དེ་ནི་ནད་ཇེ་དགའ་རུ་འགྲོ་བའི་མཚོན་རྟགས་ཡིན།
བདག་སྐྱོང་བཟང་བོ་བྱེད་པ། ཚ་རྒྱས་ཡོད་པའི་བ་ལང་ལ་བདག་བཟང་བོ་བྱེད་དགོས། ལྷག་པར་དུ་ནད་ཚབས་ཆེན་བྱུང་ཡོད་པའི་བ་ལང་ལ་ཉིན་རེའི་སྔ་དྲོ་དང་ཕྱི་དྲོ་ཐེངས་གཉིས་ལ་ལུས་དྲོད་བརྟག་དཔྱད་བྱེད་དགོས། དེ་ལྟར་བྱས་ན་བ་ལང་གི་ལུས་དྲོད་ཀྱི་འགྱུར་་ལྡོག་གསལ་བོར་ཤེས་ཐུབ། དེ་ལས་གཞན་ད་དུང་ནད་བྱུང་ཡོད་པའི་བ་ལང་གི་ལུས་ཟུངས་དང་ལུས་དྲོད་ལ་མཉམ་འཇོག་བྱེད་དགོས། ལྷག་པར་དུ་རླུང་འཚུབ་ཆེ་བ་དང་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་བའི་དུས་དང་ཡང་ན་དབྱར་ཁ་དང་སྟོན་ཁ་ཆར་འབབ་པའི་སྐབས། དྲོད་གྲངས་དམའ་བའི་དགོང་མོ་བཅས་ལ་བདག་སྐྱོང་བཟང་བོ་བྱས་ཏེ། ལུས་དྲོད་ཀྱི་དབང་གིས་ཡང་བསྐྱར་ནད་འབྱུང་བར་སྔོན་འགོག་བྱེད་དགོས།
(གོང་གི་གནས་ཚུལ་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཚོང་རའི་འཕྲིན་གསར་ལྟེ་གནས་ནས་འདོན་སྤྲོད་བྱས་པ་ཡིན། ) ལོ་ཙཱ་བ། སྟོབས་ལྡན་བཀྲ་ཤིས།