ཉེ་ཆར། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར་རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་དུ་ལས་གཞི་ཉེར་བརྒྱད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་བདུན་གཏོང་རྒྱུ་ཡིན་ཞིང་། ནུས་ཡོད་སྒོས་རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་རེད།
ད་ལོར། རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་གྱི་གཙོ་གཞིའི་འགན་འཁྲི་དང་དམིགས་འབེན་འགན་འཁྲི། དུས་ཚོད་དང་ས་ཚིགས་བཅས་གསལ་བོར་བྱས་ནས་མུ་མཐུད་དུ་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། གཅིག་གྱུར་བཀོད་སྒྲིག་དང་བཀོལ་སྤྱོད་བྱས་ཆོག་པའི་ཞིབ་འཇུག་སྙན་ཞུ་ཞིབ་མོ་བཟོས་ཏེ་གཟབ་ནན་གྱིས་ཚོང་འགུག་དངུལ་འདྲེན་གྱི་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད། དེ་དང་མཉམ་དུ། བཟོ་སྐྲུན་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་སྒྲིག་རིམ་དང་ཚད་ལྡན་ལྟར་བཟོ་སྐྲུན་གྱི་མྱུར་ཚད་དང་མ་དངུལ། རྒྱུ་སྤུས་ལ་ལག་བསྟར་ཚོད་འཛིན་བྱས་ཏེ། ངེས་པ་དོན་གྱིས་བཟོ་སྐྲུན་གྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་བྱེད་རྒྱུ་རེད།
དེ་ལས་གཞན། རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་ལམ་ལུགས་འཐུས་ཚང་བཙུགས་ཏེ། ལས་གཞི་འཛུགས་སྐྲུན་གལ་ཆེན་གྱི་རྗེས་འདེད་དངོས་འབེབས་ལ་ཤུགས་སྣོན་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་སྤེལ་བའི་གནས་ཚུལ་གྱི་དུས་བཀག་སྙན་ཞུའི་ལམ་ལུགས་ལག་བསྟར་བྱེད་པ། ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་བྱེད་པ། ལས་གཞིའི་ཡུན་ཕན་དོ་དམ་རྐྱེན་སྲོལ་མུ་མཐུད་དུ་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ། ལས་གཞིའི་འཛུགས་སྐྲུན་ཁྲོད་རྒྱུ་ཆ་དག་སྒྲིག་བྱ་བ་ལེགས་པོར་བསྒྲུབ་ནས་ལས་གཞི་ལག་བསྟར་དང་ཞིབ་བཤེར་རྩིས་ལེན་ཐད་རྒྱུ་ཆ་དང་གཞི་འཛིན་ས་འདོན་སྤྲོད་བྱེད་རྒྱུ་རེད།