པད་མ་རྫོང་གིས་ཧུར་ཐག་གིས་མཚོ་སྔོན་ལྷོ་ཕྱོགས་འབྲོག་ཁུལ་གྱི་སློབ་གསོའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས།
2018.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མགོ་ལོག་བོད་རིགས་རང་སྐྱོང་པད་མ་རྫོང་གིས་རྐྱེན་སྲོལ་གསར་སྐྲུན་མུ་མཐུད་དུ་སྲ་སྒྱུར་བྱས་པ་དང་སློབ་གྲྭའི་འཛུགས་སྐྲུན་ཞན་པར་ཤུགས་སྣོན་བྱེད་པ། སློབ་སྒྲུབ་གོ་རིམ་ཚད་ལྡན་དུ་གཏོང་བ། སློབ་གསོའི་དོ་སྙོམས་འཕེལ་རྒྱལ་ལ་སྐུལ་འདེད་བྱེད་པ། སློབ་སྔོན་སློབ་གསོའི་མི་འདང་སར་ཁ་གསབ་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། ཁྱོན་ཡོངས་ནས་དགེ་རྒན་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པ། བརྒྱུད་ལམ་མང་པོ་ནས་ཡུལ་གཞན་དུ་མངག་བཅོལ་སྐྱེད་སྲིང་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། ཧུར་ཐག་གིས“མཚོ་སྔོན་ལྷོ་ཕྱོགས་འབྲོག་ཁུལ་གྱི་སློབ་གསོའི་དཔེ་སྟོན་རྫོང”འཛུགས་སྐྲུན་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། པད་མ་རྫོང་གིས“ཞང་གི་སློབ་ཆུང་དང་རྫོང་གི་དམའ་འབྲིང་། སློབ་སྔོན་སློབ་གསོ་ཁྱོན་ཡོངས་ལ་ཁེབས་པ”གྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་བཞི་བཏང་སྟེ་སློབ་སྔོན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ལེགས་སྒྱུར་བྱས་པ་དང་། འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་ལེགས་སྒྱུར་བྱེད་པའི་དགོས་མཁོ་བསྐང་བ་མ་ཟད། སྲིད་གཞུང་གིས་གཅིག་བསྡུས་ཀྱིས་ཉོ་བ་དང་འབྲེལ་གནས་ལས་ཁུངས་ཀྱིས་རོགས་སྐྱོར་བྱེད་པ། སློབ་གསོ་སྡེ་ཁག་གིས་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་དྲུག་ཁྲི་དགུ་བསྡུ་སྒྲིག་བྱས་པར་བརྟེན་ནས་རྫོང་དང་ཞང་། སློབ་གྲྭ་བཅས་རིམ་པ་གསུམ་གྱི་དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་བྱས་ཏེ་མྱུར་བགྲོད་དྲ་བ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པར་མ་ཟད། སྔོན་ལ་ཁུལ་ཡོངས་སུ“ཁྱད་ཆོས་གསུམ་ལྡན་གྱི་པད་མ་རྫོང་གི་སློབ་གསོའི་སྤྲིན་སྟེགས”སྒོ་ཕྱེས་པས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱས་པ་དང་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བྱས།