ཧི་ནན་རྫོང་གིས་ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་ལས་གཞི་ཁྱོན་ཡོངས་ནས་སྤེལ།
2018.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་དང་རྩྭ་ཐང་གི་གནོད་པ་ཡོད་པའི་སྐྱེ་དངོས་འགོག་བཅོས་ལས་གཞི་ཁྱོན་ཡོངས་ནས་སྤེལ་བ་དང་། དེའི་ཁྲོད། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་རྒྱ་ཁྱོན་ལ་སྤྱི་ཆིངས་སྟོང་དྲུག་དང་དྲུག་བརྒྱ་ཡོད་པ་དང་སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་། རྩྭ་ཐང་གི་གནོད་པ་ཡོད་པའི་སྐྱེ་དངོས་འགོག་བཅོས་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་དྲུག་ལྷག་ཡོད་པ་དང་སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གཉིས་བཏང་བར་མ་ཟད། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་དང་རྩྭ་ཐང་གི་གནོད་པ་ཡོད་པའི་སྐྱེ་དངོས་འགོག་བཅོས་ཁྲོད་ཞུགས་པའི་ཁེ་ལས་བཅུ་བཞི་ཡོད།

ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང་ཕན་ནུས་ཐོན་པར་བྱེད་ཆེད། ཧི་ནན་རྫོང་གིས་རྩྭ་ཐང་ཆེད་ལས་རུ་ཁག་གི་ལག་རྩལ་མི་སྣ་བཅུ་གསུམ་དང་ལྟ་སྐུལ་དོ་དམ་མི་སྣ་གསུམ་རྩ་འཛུགས་བྱས་ཏེ་ལས་གཞིའི་གོ་རིམ་ཧྲིལ་བོར་འགན་ཁུར་དང་ལག་རྩལ་ཐད་ཀྱི་མཛུབ་སྟོན། རྒྱུ་སྤུས་ཐད་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བ་སྤེལ། དེ་དང་མཉམ་དུ། ཨར་ལས་ཁེ་ལས་སོ་སོས་ས་ནག་ཐང་བཅོས་སྐྱོང་དང་འདེབས་འཛུགས་བྱ་བའི་ཁྲོད་ལས་གཞིའི་ཁྱིམ་ཚང་གཅིག་གླས་ཏེ་དངོས་སུ་འདེབས་འཛུགས་གོ་རིམ་ཁྲོད་ཞུགས་དགོས་པ་དང་ལྟ་སྐུལ་དོ་དམ་བྱེད་དགོས་པའི་རེ་བ་བཏོན། མིག་སྔའི་བར། ལས་གཞིའི་དངོས་ཟོག་དང་འཕྲུལ་ཆས་སོགས་ཡོད་ཚད་དམིགས་སར་འབྱོར་ཡོད་པ་དང་། ཚོད་དཔག་བྱས་ན། བྱ་བ་ཡོད་ཚད་ཟླ་བདུན་པའི་ཟླ་མཇུག་ལ་ཡོངས་འགྲུབ་བྱེད་ཐུབ།