གྲོང་གསེབ་ཏུ་སྡོད་པའི་རོང་འབྲོག་ཁུལ་གྱི་ཏང་ཡོན་དང་རེས་འཁོར་ཏང་ཡོན་རྩ་འཛུགས་ཀྱི་བྱ་འགུལ་ལ་ཞུགས་སྐབས་འདུག་ས་མེད་པའི་དཀའ་གནད་ཐག་གཅོད་ཆེད། ད་ལོའི་ཟླ་དང་པོའི་ནང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་མ་དངུལ་ཁྲི་བརྒྱད་གྲབས་གསོག་བྱས་ནས། མདའ་བཞི་གྲོང་རྡལ་སྡོད་ཁུལ་དང་ནུབ་མཚོ་གྲོང་རྡལ་དུ་གྲོང་གསེབ་ཏུ་ཡོང་བའི་རོང་འབྲོག་ཏང་ཡོན་གྱི་ས་ཚིགས་ཞེས་པ་བཙུགས་ཏེ། རེས་སྐོར་ཏང་ཡོན་ལ་འདུག་ས་བཀོད་སྒྲིག་བྱས་པ་མ་ཟད། རེས་སྐོར་ཏང་ཡོན་ཕ་ཡུལ་ལ་ཁ་བྲལ་ཡང་ཏང་དང་ཁ་མི་འབྲལ་བར་ཁག་ཐེག་བྱས་པ་དང་། ས་ཚིགས་བཙུགས་པའི་ཟླ་འགའི་རིང་། རང་འབྲོག་ཁུལ་གྱི་ཏང་ཡོན་དང་རེས་སྐོར་ཏང་ཡོན་གཅིག་བསྡུ་བྱེད་དཀའ་བ་དང་སློབ་སྦྱོང་བྱེད་དཀའ་བའི་གནད་དོན་ཐག་བཅད།
མདའ་བཞི་གྲོང་རྡལ་གྱི་བུད་མེད་ཏང་ཡོན་གའོ་ལེན་དབྱིན་གྱིས་བཤད་རྒྱུར། ཏང་ཡོན་ས་ཚིགས་འདི་ཧ་ཅང་བཟང་། འདི་ནས་ང་ཚོས་སློབ་སྦྱོང་བྱས་ཆོག་པ་མ་ཟད། རྩ་འཛུགས་འཚོ་བའི་གྲོས་ཚོགས་བསྡུ་ཆོག་ལ། ད་དུང་ང་ལ་རོགས་བྱས་ནས་རླངས་འཁོར་ཞིག་གསོ་ཁང་དུ་ཟ་མ་ལས་པའི་བྱ་བ་ཞིག་བཙལ་ནས། ཟླ་རེར་སྒོར་སྟོང་གཅིག་དང་ལྔ་བརྒྱའི་ཟླ་ཕོགས་ལེན་ཐུབ་ཟེར། ཏང་ཡོན་ས་ཚིགས་སུ་མ་བུའི་བྱ་འགུལ་ཁང་དང་དཔེ་ཀློག་ཁང་། ཉིན་མོའི་གཉོར་སྐྱོང་ཁང་། སྐྲ་བཞར་ཁང་སོགས་ཞབས་ཞུ་ཆ་ཚང་བའི་རྩོལ་ནུས་ཁང་བཙུགས་ཡོད་པ་དང་། དུས་བཅད་ལྟར་རོང་འབྲོག་ཁུལ་གྱི་ཏང་ཡོན་དང་རེས་སྐོར་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་གཞི་རྩའི་ཤེས་བྱ་དང་ཐོན་སྐྱེད་གསོ་སྦྱོང་། བྱ་བ་ངོ་སྤྲོད། ཁྲིམས་ལུགས་ཁྲིམས་སྲོལ་འགྲེལ་ཀློག་སོགས་བྱ་འགུལ་སྤེལ་ནས། རེས་སྐོར་ཏང་ཡོན་གྱིས་ཏང་རྩ་འཛུགས་ཀྱི་སེམས་ཁུར་དང་དྲོད་ཁོལ་མྱོང་ཐུབ་པར་བྱས་ཡོད།