རྨ་སྟོད་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་བྱ་བར་སྐུལ་འདེད་བཏང་།
2018.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་དབུལ་ཐར་དམིགས་འབེན་གཞིར་བཟུང་སྟེ་ཁྱོན་ཡོངས་ནས་ལོ་སྔོན་མ་གཉིས་ཀྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ཐོན་ལས་དབུལ་སྐྱོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཡུལ་གཞན་གནས་སྤོར། ལས་གཞི་འཛུགས་སྐྲུན། དབུལ་ཐར་སྣང་ཚུལ་ཇེ་ལེགས་སུ་གཏོང་བ། དབུལ་སྐྱོར་བྱ་བའི་རུ་ཁག་འཛུགས་པ། ལྟ་སྐུལ་འགན་འདྲི་སོགས་ཕྱོགས་དགུ་དམ་འཛིན་དང་གནད་ཕིགས་ཤུགས་འདོན་བྱས་ཏེ་ད་ལོར་རྫོང་ཡོངས་དབུལ་ཐར་བྱེད་པར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་འདུ་ཤེས་བཞིར་ཉམས་ཞིབ་བྱེད་པའི་ཚད་ཤིང་དུ་བྱས་ཏེ་འགན་སྲུང་ཁྱོན་ཡོངས་ལ་ཁེབས་པ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་མི་འདང་སར་ཁ་གསབ་བྱེད་པ། ཐོན་ལས་གསོ་སྐྱོང་བྱས་ཏེ་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། སློབ་གསོ་གསོ་སྦྱོང་སྤེལ་ཏེ་དབུལ་ཕོངས་ཀྱི་རྒྱུ་རྐྱེན་རྩ་བ་ནས་གཅོད་པ་བཅས་རྒྱུན་ཆད་མེད་པར་འབུར་དུ་ཐོན་པར་བྱས་ཏེ་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པ་དང་ཡང་བསྐྱར་དབུལ་བོར་མི་འགྱུར་བར་འགན་སྲུང་བྱས། དེ་དང་མཉམ་དུ། བརྟན་འཇགས་ཡུན་ཕན་གྱི་ཡོང་འབབ་འཕར་སྣོན་ནང་རྐྱེན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། དབུལ་སྐྱོར་གསར་སྤེལ་ལས་གཞི་དང་ཐོན་ལས་དབུལ་སྐྱོར་ལས་གཞི། ངེས་གཏན་དབུལ་སྐྱོར་རོགས་འཛུགས་ལས་གཞི་བཅས་ཀྱི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་སྟེ་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་སྐྱོར་གསར་སྤེལ་ལས་གཞི་དོན་འཁྱོལ་བྱེད་པར་འགན་སྲུང་བྱས།

དེ་དང་མཉམ་དུ། རྨ་སྟོད་རྫོང་གིས་ཐོན་ལས་ལ་བརྟེན་ནས་ཡོང་འབབ་ཇེ་མང་དུ་གཏོང་བ་དང་ལས་ཞུགས་ལ་བརྟེན་ནས་ཡོང་འབབ་ལེན་པར་སྐུལ་འདེད་གཏོང་བ། རྨང་གཞི་འཛུགས་སྐྲུན་སོགས་ལས་འགན་གཙོ་བོ་དམ་འཛིན་བྱས་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་ཁྲོམ་ར་འཁོར་སྐྱོད་བྱེད་པ། མི་དམངས་གཙོ་གཞི་ཡིན་པའི་འཕེལ་རྒྱས་རྣམ་པར་དམིགས་ཏེ་མཉམ་ལས་ཁང་དང་འབྲོག་ཁྱིམ་མཉམ་བསྲེས་བྱེད་པ་དང་། དཔལ་འབྱོར་ཤེས་ལྡན་མི་སྣ་དང་འབྲོག་ཁྱིམ་མཉམ་བསྲེས་བྱེད་པ་སོགས་ཀྱི་འཁོར་སྐྱོད་བདག་གཉེར་རྣམ་པ་སྤྱད་པ་དང་། ཡུལ་བབ་དང་བསྟུན་ཏེ་ཐོན་ལས་གསར་སྤེལ་ཤུགས་ཚད་ཆེ་རུ་བཏང་བར་མ་ཟད། ཕྱུགས་ལས་ཐོན་སྐྱེད་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱིས་དབུལ་ཐར་ཕྱུག་སྒྱུར་ལ་སྐུལ་འདེད་བཏང་བ་དང་དབུལ་ཕོངས་ཁྱིམ་ཚང་རེར་བརྟན་འཇགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཡོད་པར་བརྩོན་ལེན་བྱས།

དེ་ལས་གཞན། རྨ་སྟོད་རྫོང་གིས་དབུལ་ཕོངས་སྡེ་བའི་ཐོན་ལས་དབུལ་སྐྱོར་དང་གནས་གཞན་དབུལ་སྐྱོར་སོགས་ལག་བསྟར་བྱེད་པ་ཐོད་བརྒལ་བྱེད་སར་བྱས་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་ཕན་ཡོད་གོ་སྐབས་དམ་འཛིན་བྱས་ཏེ་ཆུ་གློག་ལམ་གསུམ་གཙོ་བྱས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་ཇེ་འགྱོགས་སུ་བཏང་བ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་དམངས་འཚོའི་ཆ་རྐྱེན་ལེགས་བཅོས་བྱས་པར་མ་ཟད། གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་སྟེ་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་རོགས་སྐྱོར་བྱས།