མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་མཚོ་ལྷོ་ཁུལ་དུ་སོང་ནས་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།
2018.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་མཚོ་ལྷོ་ཁུལ་དུ་སོང་ནས་ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་འགྲིག་ཐག་གཅོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་ཞིང་། སྔར་ལས་ལྷག་པའི་སྒོ་ནས་འདུམ་འགྲིག་ཐག་གཅོད་བྱ་བ་སྤེལ་བར་སྐུལ་འདེད་དང་རྩོད་གཞི་ཐག་གཅོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ངལ་རྩོལ་འབྲེལ་བའི་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་སྔ་གཞུག་ཏུ་ཁུལ་རིམ་པ་དང་རྫོང་བཞིའི་ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་འགྲིག་ཐག་གཅོད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཁོངས་གཏོགས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་ཀྱི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་བྱེད་པའི་དཔེ་སྟོན་བྱ་བར་སྤྱི་སྡོམ་རྩིས་ལེན་བྱས་ཤིང་། བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་ལྟ་ཞིབ། རྒྱུ་ཆ་ལྟ་ཀློག་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རྩ་འཛུགས་འཛུགས་སྐྲུན་དང་ལམ་ལུགས་འཛུགས་སྐྲུན། དཔུང་སྡེ་འཛུགས་སྐྲུན། ཚད་ལྡན་ཅན་གྱི་འཛུགས་སྐྲུན། རྩོད་གཞི་ཐག་གཅོད་ཕན་ནུས་སོགས་ཀྱི་བྱ་བར་དཔྱད་འཇོག་དང་གནད་དོན་ལ་དབྱེ་ཞིབ་དང་འཚོལ་ཞིབ། ཉམས་མྱོང་སྤྱི་སྡོམ་བཅས་བྱས།

དེ་ལས་གཞན། ས་ཁུལ་གྱི་བྱ་བའི་གནས་ཚུལ་དངོས་ལ་གཞིགས་ནས། མཚོ་ལྷོ་ཁུལ་ལ་བསམ་འཆར་བཞི་བཏོན་པ་སྟེ། ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་འགྲིག་ཐག་གཅོད་བྱ་བར་མཐོང་ཆེན་བྱེད་པ་དང་། ངེས་པ་དོན་གྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་བཏང་སྟེ། ངལ་རྩོལ་པར་གྱོད་གཞི་རེ་རེའི་ཐག་གཅོད་ཁྲོད་འདྲ་མཉམ་དྲང་གཞག་གི་ཚོར་བ་ཐོབ་ཏུ་འཇུག་དགོས། བྱ་བ་སོ་སོའི་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་ནས་ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་འགྲིག་ཐག་གཅོད་བྱ་བའི་ཐད་ནུས་ཡོད་ཀྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱེད་དགོས། «འདུམ་འགྲིག་འདུམ་གཅོད་བཅའ་ཁྲིམས»དང་ངལ་རྩོལ་མི་དོན་རྩོད་གཞིའི“སྒྲིག་སྲོལ་གཉིས”ལག་བསྟར་དངོས་འབེབས་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་གཞིར་འཛིན་པ་དང་། དུས་ཐོག་ཏུ་ངལ་རྩོལ་མི་དོན་རྩོད་གཞི་དྲང་གཞག་སྒོས་ཐག་གཅོད་བྱས་ཏེ། དོ་བདག་པ་ཕྱོགས་གཉིས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། དྲིལ་སྒྲོག་བྱ་བའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། བྱེད་ཐབས་སྣ་མང་སྤྱད་ནས་ངལ་རྩོལ་མི་དོན་གྱི་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདུམ་འགྲིག་ཐག་གཅོད་ཀྱི་སྤྱི་ཚོགས་ཡིད་རྟོན་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས།