མཚོ་སྔོན་ཞིང་ཆེན་གྱིས་རྒྱུ་སྤུས་འཛད་སྤྱོད་སློབ་གསོ་ཞིང་སྡེ་འབྲོག་ཁུལ་དུ་སྐྱེལ་བ་དང་ཁྲིམས་ལུགས་དང་ཤེས་བྱ། ཞབས་ཞུ་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་སྤེལ།
2018.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

རྒྱ་ཆེའི་རོང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཐད་ཞབས་འདེགས་ཞུ་བ་དང་། རོང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་འདུ་ཤེས་དང་ཁེ་དབང་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འཛད་སྤྱོད་བྱེད་པ། རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་ནུས་པ་མཐོར་འདེགས་བྱས་ནས། རྒྱ་ཆེའི་རོང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་དང་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས། མཚོ་ལྷོ་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། མཚོ་ལྷོ་ཁུལ་འཛད་སྤྱོད་པའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁྲི་ཀ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཁྲི་ཀ་རྫོང་འཛད་སྤྱོད་པའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་འཛད་སྤྱོད་སློབ་གསོ་ཞིང་སྡེ་འབྲོག་ཁུལ་དུ་སྐྱེལ་བ་དང་། ཁྲིམས་ལུགས་དང་ཤེས་བྱ། ཞབས་ཞུ་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དངོས་སུ་སྤེལ་འགོ་བརྩམས་པ་དང་། དེ་དང་མཉམ་དུ། བྱ་འགུལ་དེ་ད་དུང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་རྒྱུན་མཐུད་དང་རྒྱ་ཆེར་སྤེལ་རྒྱུ་རེད།

བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱ་ཆེའི་རོང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་འཚོ་བའི་དགོས་མཁོ་ཐད་ཞབས་འདེགས་ཞུ་བ་དང་། འཛད་སྤྱོད་པས་འཛད་སྤྱོད་འདུ་ཤེས་བསྒྱུར་བ་དང་འཛད་སྤྱོད་རྒྱུ་སྤུས་ལ་མཐོང་ཆེན་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པ། ཁྲིམས་ལུགས་ཁྲིམས་སྲོལ་དང་འཛད་སྤྱོད་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་པ། ཚོང་རྫས་རྫུན་མའི་དབྱེ་འབྱེད་ནུས་པ་མཐོར་འདེགས་བྱེད་པ། འཛད་སྤྱོད་ཐད་ཀྱི་འགལ་རྩོད་ཐག་གཅོད་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ། ཚན་རིག་དང་མཐུན་པ་དང་ཚོད་ཡོད་པའི་སྒོ་ནས་འཛད་སྤྱོད་བྱེད་པར་སྣེ་ཁྲིད་བྱེད་པ། རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་ནུས་པ་མཐོར་འདེགས་བྱེད་པ་བཅས་བྱས་ནས། རྒྱ་ཆེའི་རོང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་བ་ཞིང་གསུམ་ཁྱབ་ཁོངས་སུ་རྒྱ་སྐྱེད་པ་དང་རྒྱུན་བསྲིང་བར་སྣེ་ཁྲིད་བྱེད་པ་དང་། རོང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ཐད་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་རྒྱུ་རེད།

དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཚོང་གཉེར་སྤྱོད་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་སྔར་ལས་ནན་མོ་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། ཚོང་ར་གཙོ་བོ། ཚོང་རྫས་གཙོ་བོའི་ཐད་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་ལག་བསྟར་ལ་ཤུགས་སྣོན་པ། ཁྲིམས་ལྟར་དྲིལ་སྒྲོག་དང་ཚོང་འཕྲིན་རྫུན་མ་སྤེལ་བ་དང་ཚོང་རྫས་རྫུན་མ་བཙོང་བ་སོགས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་དང་ཆད་གཅོད་ནན་མོ་བྱེད་པ། རོང་འབྲོག་ཁུལ་གྱི་འཛད་སྤྱོད་པར་སྲུང་སྐྱོབ་བྱེད་པའི་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། འདྲ་མཉམ་དྲང་གཞག་གི་ཚོང་རའི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱེད་པ་བཅས་བྱེད་རྒྱུ་རེད།