ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཚོང་གཏམ་གྲོས་ཚོགས་སྟེང་ཕྱི་རྒྱལ་གྱི་ཚོང་བ་གདན་ཞུ་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་རེད། ཐོག་མའི་ཆ་འཕྲིན་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་། ཁྱད་དུ་འཕགས་པའི་སྐྱེ་ཁམས་ཁོར་ཡུག མངོན་གསལ་གྱི་རྗེས་སྤེལ་དགེ་མཚན་ལ་ཕྱི་རྒྱལ་གྱི་ཚོང་བས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་ཤེས་ཐུབ། མིག་སྔའི་བར་དུ། ལས་གཞི་དྲུག་ཐད་ནས་གྲོས་མཐུན་བཀོད་པ་དང་། དངུལ་གཏོང་སྤྱིའི་སྒོར་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་དྲུག་ལ་སླེབས།
བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཚོང་དོན་པུའུ་དངུལ་གཏོང་སྐུལ་འདེད་ལས་དོན་ཅུའུ་དང་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས། ཀྲུང་གོའི་ཕྱི་རྒྱལ་གྱི་ཚོང་བའི་དངུལ་གཏོང་ཁེ་ལས་མཐུན་ཚོགས། ཀྲུང་གོའི་ཕྱི་སྡོད་རང་མིའི་ཚོང་བའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་སོགས་དང་། མ་ལེ་ཞི་ཡ་དང་སོ་ཏི་ཨ་རབ། ཨོ་སི་ཁྲུ་ལི་ཡ། ཧི་ལན། ནོར་ཝེ། ཧྥ་རན་སི། ནེ་པ་ལ་སོགས་ས་ཁུལ་གྱི་དངུལ་གཏོང་ཚོང་བར་རིགས་མི་འདྲ་བའི་གདན་ཞུ་ཡི་གེ་བརྒྱ་དང་གཉིས་བསྐུར་བ་དང་། དེའི་ཁྲོད་མི་བརྒྱ་ཚོང་གཏམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པའི་ལན་གསལ་བོ་ཐོབ། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་སྣེ་ཁྲིད་དེ། མ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞི་ཡ། ཨ་ཧྥེ་རི་ཁ་རྒྱལ་ཁབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་པུའུ་བཅས་སུ་སོང་ནས་ཕྱི་རྒྱལ་གྱི་ཚོང་བ་དང་། མཐུན་ཚོགས་དང་ཚོང་ཚོགས་འབྲེལ་ཡོད་འགོ་ཁྲིད་དང་ཁེ་ལས་ཀྱི་འཐུས་ཚབ་པ་ད་ལོའི་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པར་གདན་ཞུ་བྱས།
དེ་ལས་གཞན། མ་ལེ་ཞི་ཡ་དང་ཧ་སག་སི་ཐན་གྱི་འབྲེལ་ཡོད་སྡེ་ཁག་དང་། ཁ་ན་ཏའི་ཏའོ་ལུང་ཏོ་མཚོ་སྔོན་ཚོང་ཚོགས་ལ་གདན་ཞུ་ཡི་གེ་བསྐུར་ནས་གདན་ཞུ་བྱས་པ་དང་། རབ་མཛེས་མཚོ་སྔོན་གྱི་དངུལ་གཏོང་ཁོར་ཡུག་གསལ་བཤད་དང་ལས་གཞི་གཙོ་བོའི་ངོ་སྤྲོད་ཚོགས་འདུའི་ཐད་ནས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་སྦྲེལ་མཐུད་བཟང་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ངོ་སྤྲོད་ཚོགས་འདུ་སྔོན་གྱི་གྲ་སྒྲིག་བྱ་བ་བཟང་བོ་སྒྲུབ་པར་གཞོགས་འདེགས་བྱས།