མཚོ་སྔོན་ལ་རོགས་རམ་བྱེད་པའི་འབུམ་རམས་པས་མཚོ་སྔོན་གྱི་་བོད་ལུགས་གསོ་རིག་གི་བྱ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག
2018.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་འཇོན་ཐང་མི་སྣའི་གཞུང་སྒྲུབ་ཁང་དང་། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་རྩ་འཛུགས་བྱས་ཏེ། སྐོར་བཅོ་བརྒྱད་པའི་མཚོ་སྔོན་ལ་རོགས་རམ་བྱེད་པའི་འབུམ་རམས་པའི་ལྟ་སྐོར་རྟོག་ཞིབ་ཚན་ཆུང་གི་བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྤེལ། ཐོག་དང་པོར་ཞིང་ཆེན་བོད་སྨན་ཁང་དུ་ཕེབས་པའི་མཚོ་སྔོན་ལ་རོགས་རམ་བྱེད་པའི་འབུམ་རམས་པའི་ཁྲོད་དུ་སྨན་བཅོས་ཆེད་མཁས་པ་དང་། དངུལ་རྩའི་ཆེད་མཁས་པ། ཆ་འཕྲིན་ཅན་གྱི་ཆེད་མཁས་པ། ཆུ་བེད་ཆུ་གློག་ཞིབ་འཇུག་ཆེད་མཁས་པ་སོགས་ཡོད། ཁོ་ཚོའི་ལས་རིགས་དང་ཐོབ་ཐབ་མི་གཅིག་རུང་མཚོ་སྔོན་གྱི་བོད་ལུགས་གསོ་རིག་གི་བྱ་བའི་འཕེལ་རྒྱས་ཐད་ལ་སྤྲོ་བ་ཆེན་པོ་བཅངས་ཡོད།  ཁོ་ཚོས་བོད་ལུགས་གསོ་རིག་གི་བྱ་བའི་འཕེལ་རྒྱས་ལ་རྒྱུས་ལོན་བྱས་ཤིང་། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན།

འབུམ་རམས་པའི་ཚོགས་པ་ཡིས་སྨན་སྦྱོར་ལས་སྣོན་གྱི་ཐོན་སྐྱེད་གོ་རིམ་དང་། སྨན་རྫས་མ་བཀོལ་བར་ནད་བཅོས་བྱེད་པ། སེམས་ཁམས་བཅོས་སྐྱོང་སོགས་བོད་ལུགས་གསོ་རིག་གི་གསོ་བཅོས་ཁྱད་ཆོས་དག་ལ་བལྟས་པ་དང་། སྨན་སྦྱོར་དང་ནད་བཅོས་ཀྱི་གོ་རིམ་ཧྲིལ་བོར་རྒྱུས་ལོན་བྱས་རྗེས། མཉམ་དུ་བོད་ལུགས་གསོ་རིག་གི་བྱ་བའི་འཕེལ་རྒྱས་ལ་བཞུགས་མོལ་བརྗེ་རེས་སྤེལ་ཞིང་། འབུམ་རམས་པ་རྣམས་ཀྱིས་ཤེས་རབ་དང་བློ་གྲོས་བཏོན་ནས་མཚོ་སྔོན་གྱི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་ཁ་ཕྱོགས་གསར་པ་བསྟན།