ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར་མཚོ་སྔོན་ནོར་སྲིད་ཀྱིས་ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་ཀྱི་ཆེད་སྤྱོད་མ་དངུལ་བཙུགས་པ་དང་། དེའི་ཚུན་གྱི་ལོ་ལྔའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་བཙོག་བཟོ་བཅོས་སྐྱོང་ཐད་ནོར་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་པས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་དང་མཁའ་དབུགས་ཀྱི་རྒྱུ་སྤུས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། ཆུ་སྔར་ལས་ཇེ་དྭངས་དང་རི་སྔར་ལས་སྔོ་ལྗང་དུ་གྱུར་ལ། མི་གཞུང་སྐྱེ་ཁམས་སྔར་ལས་འཆམ་མཐུན་དུ་གྱུར།
ལོ་ལྔའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཆུ་གཏོར་རླངས་འཁོར་དང་འཁྲུད་ཕྱགས་རླངས་འཁོར་སོགས་གཞུང་ལམ་ས་རྡུལ་འགོག་བྱེད་ཀྱི་སྒྲིག་ཆས་བཞི་བརྒྱ་དང་ལྔ་ཉོ་སྒྲུབ་བྱས་པ་དང་། སྣུམ་གསོག་མཛོད་དྲུག་དང་སྣུམ་སྣོན་ས་ཚིགས་ཉིས་བརྒྱ་དང་སུམ་ཅུའི་སྣུམ་དབུགས་ཕྱིར་བསྡུ་ཕྱོགས་བསྡུས་བཅོས་སྐྱོང་ཡོངས་འགྲུབ་བྱས་ལ། མཇུག་རླངས་ཕྱིར་གཏོང་ཚད་ཚད་ལས་བརྒལ་བའི་རླངས་འཁོར་ཁྲི་ལྔ་དང་སྟོང་ལྔ་མེད་པར་བཟོས་པ་མ་ཟད། སོལ་འབར་ཁྲོ་ཐབ་སྟོང་གསུམ་དང་བརྒྱད་བརྒྱ་ཞེ་དྲུག་མེད་པར་བཟོས་པ་དང་། ཚད་ལྡན་ཅན་གྱི་རྡོ་སོལ་གཅིག་བསྡུས་ཉོ་ཚོང་ཚོང་ར་བཅུ་གཅིག་འཛུགས་པ་སོགས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མཁའ་དབུགས་བཙོག་བཟོ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་བླངས།