ན་གོར་མོ་གྲོང་ཁྱེར་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དངུལ་གྱི་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
2018.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉེ་ལམ། གསར་འགོད་པས་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ན་གོར་མོ་གྲོང་ཁྱེར་གྱིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩིའི་རྒན་གསོ་འགན་སྲུང་གི་རྨང་གཞི་རྒན་གསོ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས། ཐེངས་འདིའི་རྨང་གཞིའི་རྒན་གསོ་དངུལ་ལེགས་སྒྲིག་བྱེད་པ་ནི་ན་གོར་མོ་གྲོང་ཁྱེར་གྱིས་ཐེངས་དྲུག་པར་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་འགན་སྲུང་གི་རྨང་གཞིའི་རྒན་གསོ་དངུལ་གྱི་ཚད་གཞི་མཐོར་འདེགས་བཏང་བ་ཡིན། ཚད་གཞི་མཐོར་འདེགས་བཏང་རྗེས། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་དངུལ་གྱི་ཚད་གཞི་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ཆེས་དམའ་བའི་རྨང་གཞིའི་རྒན་གསོ་དངུལ་གྱི་ཚད་གཞི་ལས་སྒོར་བརྒྱ་དང་གྱ་གཉིས་ཀྱིས་མཐོ་བ་དང་། རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཚུད་ཡོད།

ཉེ་བའི་ལོ་འགའི་རིང་ལ། ན་གོར་མོ་གྲོང་ཁྱེར་གྱིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་གི་རྨང་གཞིའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པ་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་བྱས་པ་དང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་དང་པོ་དང་ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོ་དང་ཟླ་བདུན་པ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོ། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོ་བཅས་ལ་སོ་སོར་རྨང་གཞིའི་རྒན་གསོ་དངུལ་གྱི་ཚད་གཞི་མཐོར་འདེགས་སུ་བཏང་།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོ་ནས་བཟུང་། གཏན་ཁེལ་ལྟར་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་དངུལ་ལོངས་སྤྱོད་བྱེད་བཞིན་ཡོད་པ་དང་རྗེས་ཕྱོགས་རྒན་གསོ་དངུལ་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་དང་འཚམས་པའི་མི་ཚང་མ་ཐེངས་འདིའི་རྒན་གསོ་དངུལ་ལེགས་སྒྲིག་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་ཡིན་པ་དང་། མི་རེར་ཟླ་རེར་སྒོར་ཉི་ཤུ་ཁ་སྣོན་བྱས་ཏེ་སྔོན་གྱི་སྒོར་བརྒྱ་དང་ང་ལྔ་ནས་སྒོར་བརྒྱ་དང་དོན་ལྔར་འཕར་ཡོད་པ་དང་། དེའི་ཁར་ཁུལ་དང་གྲོང་ཁྱེར་གྱི་ཁ་གསབ་དངུལ་བསྣན་ན་མི་རེར་ཟླ་རེར་སྒོར་ཉིས་བརྒྱ་བདུན་ཅུ་ཡོད། མིག་སྔར། བསྡོམས་པས་ལོ་དྲུག་ཅུའི་ཡན་གྱི་མི་སྟོང་གསུམ་དང་བརྒྱད་བརྒྱ་གྱ་ལྔའི་མཁར་གྲོང་སྡོད་དམངས་ཀྱིས་རྒན་གསོ་དངུལ་ལོངས་སྤྱོད་བྱེད་བཞིན་ཡོད།