རྩེ་ཁོག་རྫོང་གིས་ཤེས་ལྡན་མི་སྣར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས།
2018.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་རིགས་སོ་སོའི་ཤེས་ལྡན་མི་སྣ་དག་གིས་གནད་ཕིགས་དབུལ་སྐྱོར་ཐད་བྱེད་ཐབས་བཟང་བོ་སྤྱོད་པ་དང་དོན་དངོས་སྒྲུབ་པ། ཕན་ནུས་དངོས་ཐོན་པར་སྣེ་ཁྲིད་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པར་སྟོབས་དང་ལྡན་པའི་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

རྩེ་ཁོག་རྫོང་གིས་ཧུར་ཐག་གིས་རྫོང་ཁོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་ཏང་སྲིད་དང་ཁེ་ལས། ཞིང་ཕྱུགས་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣར་ཁྱོན་ཡོངས་ནས་བརྟག་དཔྱད་མཐའ་འཁྱོལ་བྱས་ཏེ་རྫོང་ཤེས་ལྡན་མི་སྣའི་ཆ་འཕྲིན་མཛོད་བཙུགས་པ་དང་། འབྲེལ་ཡོད་བྱེད་ཐབས་སྤྱད་དེ་ཤེས་ལྡན་མི་སྣའི་སྟོབས་ལྡན་རྫོང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། མིག་སྔའི་བར། ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་འཇོན་མི། ཁེ་ལས་བདག་གཉེར་དོ་དམ་པ་སོགས་མི་སྟོང་དྲུག་དང་དྲུག་བརྒྱར་གསོ་སྦྱོང་བྱས།

དེ་ལས་གཞན། ཤེས་ལྡན་མི་སྣ་དང་རིག་སྟོབས་ནང་འདྲེན་བྱེད་པའི་ནང་རྐྱེན་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བགྲོད་ལམ་རྒྱ་བསྐྱེད། དེའི་ཁྲོད་། རྫོང་ཕྱུགས་ལས་ཅུའུ་ཡིས་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཚོ་སྔོན་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་པ་ལྔ་དང་མཉམ་དུ་ལག་རྩལ་རྒྱབ་སྐྱོར་གྲོས་མཐུན་བཀོད་པ་དང་། རྫོང་རིམ་པའི་སྨན་ཁང་གིས་ས་ཁོངས་བརྒལ་ཏེ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དང་ཁྲི་ཀ་རྫོང་བོད་སྨན་ཁང་གི་ཆེད་མཁས་པ་དྲུག་གདན་ཞུ་བྱས་པར་མ་ཟད། ཞིང་ཕྱུགས་ཚན་རྩལ་མི་སྣ་ཞེ་བརྒྱད་བདམས་མངག་བྱས་ཏེ་དབུལ་ཕོངས་སྡེ་བ་གཅིག་ལ་ཁ་གཏད་རོགས་སྐྱོར་བྱེད་དུ་བཅུག་ནས་ཚན་རྩལ་ཤེས་ལྡན་མི་སྣའི་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། དབུལ་ཕོངས་རྫོང་གི་ཐོན་ལས་འཕེལ་རྒྱས་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།