ཟླ་བདུན་པའི་ཚེས་བདུན་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་ཡིག་ཐོག་སྙན་ཞུ་བྱས་ཏེ་ལོ་འཁོར་གཅིག་འགོར་བའི་རྗེས་དྲན་བྱ་འགུལ་ཟི་ལིང་དཀྱིལ་སྙིང་ཐང་ཆེན་དུ་སྤེལ། བྱ་འགུལ་གྱིས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་མཛེས་ལྗོངས་འགྲེམ་སྟོན་བྱས་པ་དང་། སྤྱི་ཚོགས་ལས་རིགས་སོ་སོས་ཨ་ཆེན་གངས་རྒྱབ་ལ་དོ་ཁུར་དང་རྒྱབ་སྐྱོར། སྲུང་སྐྱོབ་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་མིང་ཐོའི་ཁྲོད་ཚུད་པ་དང་། དེས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པའི་དམ་བཅའ་དང་ཆོད་སེམས་བརྟན་པོ་མཚོན་ཡོད། ལོ་གཅིག་གི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་མ་ལག་གི་ཆ་ཚང་རང་བཞིན་དང་མ་ལག་རང་བཞིན། སྤྱིའི་བླང་བྱ་ལྟར་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་ལ་ཤུགས་བསྣན་པ་དང་རྒྱལ་ཁབ་སྤྱི་གླིང་དང་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་མཉམ་བསྲེས་དོ་དམ་བྱེད་པའི་བྱེད་ཐབས་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་སྲུང་སྐྱོབ་དོ་དམ་ཐད་གྲུབ་འབྲས་མངོན་གསལ་བླངས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། རྗེས་ཕྱོགས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རང་བྱུང་ཤུལ་བཞག་ས་ཁུལ་གྱི་དོ་དམ་ཚད་གཞི་ལྟར་ལག་བསྟར་བྱ་བར་འཆར་འགོད་བཟང་བོ་བྱེད་པ་དང་རང་བྱུང་ཤུལ་བཞག་ས་ཁུལ་སྲུང་སྐྱོབ་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་ཚན་རྩལ་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་ཚན་རིག་ཅན་དང་དེང་རབས་ཅན་གྱི་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར། དེར་མ་ཟད། དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སློབ་གསོ་བཟང་བོར་སྤེལ་ཏེ་རྒྱུན་ཆད་མེད་པར་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ས་ཁུལ་གྱི་རང་བྱུང་རྣམ་པ་དང་ལྗང་མདོག་རྣམ་པ་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ངོམ་པ་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་སྲུང་སྐྱོབ་ཐད་ཀྱི་དཔེ་མཚོན་དུ་འགྱུར་བར་འབད་པ་བྱེད་རྒྱུ་ཡིན་ཟེར།