ཉེ་ལམ། གསར་འགོད་པས་ཞིང་ཆེན་མི་དོན་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་བྱེད་ཐབས་དཔར་ནས་བཀྲམ་སྟེ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་ཞིང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་ཚོགས་པ་གཙོ་བོའི་ལས་ཞུགས་ལ་སྐུལ་འདེད་བཏང་།
བྱེད་ཐབས་ལས་གཟབ་ནན་གྱིས་ཡར་སྐུལ་དང་དོ་དམ་བྱེད་པ་དང་། བཟང་ཕྱོགས་སུ་འཁོར་སྐྱོད་བྱེད་པའི་རྩ་བའི་རེ་བ་ལྟར། ནུས་ཤུགས་ཡོད་རྒུས་ད་ལྟ་ལག་བསྟར་བྱེད་པའི་སྲིད་ཇུས་ལས་མཚོ་སྔོན་གྱི་དངོས་ཡོད་གནད་དོན་ལ་མི་འཚམ་པའི་གནད་དོན་ཐག་གཅོད་བྱས་ནས། སྲིད་ཇུས་གཞིར་བཟུང་བ་གསལ་ཐག་ཆོད་ཅིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་ངེས་ཚིག་བཞག་སྟེ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་གྱི་རྩ་དོན་དང་འབྲེལ་ཡོད་སྡེ་ཁག་གི་འགན་ནུས་དེ་ཡིས་ས་ཁུལ་སོ་སོའི་བྱ་བ་ལ་མཛུབ་སྟོན་རང་བཞིན་ཤུགས་དྲག་ལྡན་ཞིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་གཉེར་མཁན་ལ་གོ་རིམ་ཞིབ་ཆ་ཅན་དུ་བཏང་། ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་བཀོད་སྒྲིག་ལྟར། སྙན་ཞུ་བྱེད་པ་དང་། ཞིབ་བཤེར་འོས་སྦྱོར། གན་རྒྱ་འཇོག་པ། ལས་ཞུགས་ཐོ་འགོད། ཟིན་ཐོ་འཛུགས་པ་སོགས་གོ་རིམ་བརྒྱུད་པ་དང་། དེ་མིན་ད་དུང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཆ་རྐྱེན་དང་འཚམ་པའི་མི་སྣས་རྒྱུ་མཚན་མེད་པར་སྤྱི་ཐུན་ཞབས་ཞུ་ལས་ཁུངས་ཀྱི་ལས་ཞུགས་མཚམས་སྦྱོར་དང་ལེན་མི་བྱེད་པ་ལ། གནས་སྐབས་སུ་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་མི་བྱེད་པ་གཏན་འབེབ་ཁ་སྣོན་བྱས་ནས། སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མིར་རོགས་འདེགས་བྱེད་པར་ཕན་པར་བྱས།