ཟླ་བདུན་པའི་ཚེས་བདུན་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དང་ཁྲི་དབང་གྲོང་རྡལ་གྲུ་ཆུང་སྡེ་བའི་ཆེད་ལས་མཉམ་ལས་ཁང་དུ་རོང་པ་དང་འབྲོག་པ་ཞོར་ལས་པ་གཅིག་བསྡུས་སྒོས་རྩ་འཛུགས་ནང་ཞུགས་པའི་མཛད་སྒོ་བསྡུས་པ་དང་། རོང་འབྲོག་ཞོར་ལས་པར་ཚོགས་མིའི་འཛིན་ཡིག་དང་དྲིལ་སྒྲོག་ཡིག་ཆ། འཚམས་འདྲིའི་དངོས་རྫས་བྱིན་རྗེས། རོང་འབྲོག་པ་ཞོར་ལས་པ་ཉིས་བརྒྱ་ལྷག་དངོས་སུ་བཟོ་ཚོགས་རྩ་འཛུགས་ནང་ཞུགས།
རོང་འབྲོག་ཞོར་ལས་པ་དེ་ཐོན་ལས་བཟོ་བའི་གཙོ་གཞི་དང་། ཡུས་ཧྲུའུ་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་མེད་དུ་མི་རུང་བའི་གསར་སྐྱེས་སྟོབས་ཤུགས་སུ་གྱུར་ཡོད། རོང་འབྲོག་ཞོར་ལས་པ་བཟོ་ཚོགས་རྩ་འཛུགས་ནང་ཞུགས་སུ་འཇུག་པ་དེ་ནི་ཏང་གི་གྲལ་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་རྨང་གཞི་རྒྱ་སྐྱེད་པའི་རྩ་བའི་རེ་བ་ཡིན་ལ། ལས་བཟོ་བའི་དཔུང་སྡེའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡང་ཡིན།
ཐེངས་འདིའི་བྱ་འགུལ་ནི། ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བཟོ་ཚོགས་རྩ་འཛུགས་ཀྱི་ཁེབས་རྒྱ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་རོང་འབྲོག་ཞོར་ལས་པའི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། དེའི་དམིགས་འབེན་ནི་རོང་འབྲོག་ཞོར་ལས་པར་རྩ་འཛུགས་དང་མཐུན་སྒྲིལ། ཞབས་འདེགས་ཞུ་བའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཁྲིམས་ལྟར་རོང་འབྲོག་ཞོར་ལས་པའི་ངལ་རྩོལ་ལས་ཞུགས་དང་ཟླ་ཕོགས། ངལ་རྩོལ་བདེ་འཇགས། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོད་ཁོལ་རྩ་འཛུགས་ནང་གསར་དུ་ཞུགས་པའི་རོང་འབྲོག་ཞོར་ལས་པའི་སེམས་གཏིང་དུ་སྐྱེལ་རྒྱུ་དེ་རེད།