བོད་སྨན་ཐོན་ལས་རྒྱུན་མཐུད་བདེ་ཐང་སྒོས་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་ལས་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཕྱིར་བཏོན། བསམ་འཆར་ལས་ཉིས་སྟོང་ཉི་ཤུ་ལོའི་བར་མཚོ་སྔོན་ཞིང་ཆེན་གྱིས་མ་བཅོས་རྒྱུ་ཆ་ཅུང་འདང་ངེས་ཡིན་པ་དང་གསར་གཏོད་ནུས་པ་ཅུང་ཆེ་བ། ཐོན་ལས་འབྲེལ་མཐུད་ཅུང་འཐུས་ཚང་ཡིན་པའི་དེང་རབས་བོད་སྨན་ཐོན་ལས་མ་ལག་འཛུགས་དགོས་པ་དང་། ཉིས་སྟོང་ཉེར་ལྔ་ལོའི་བར། རྒྱལ་ཡོངས་བོད་སྨན་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་སྣེ་ཁྲིད་གོ་གནས་སྔར་ལས་སྲ་བརྟནདུ་བཏང་སྟེ་ཁྱོན་ཡོངས་ནས་བོད་སྨན་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད།
ཉིས་སྟོང་བཅུ་བདུན་ལོར། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་བཟོ་ལས་ཀྱི་སྤྱིའི་ཐོན་རིན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་ལ་སླེབས་ཏེ་རྒྱལ་ཡོངས་ཀྱི་བོད་སྨན་བཟོ་ལས་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ཞེ་བཞི་ཟིན་པ་དང་། བོད་སྨན་ཐོན་ལས་འཕེལ་རྒྱས་གཞི་ཁྱོན་དང་ཕྱོགས་བསྡུས་ནུས་ཤུགས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཚུད་ཡོད། དེའི་རྨང་གཞིའི་སྟེང་། རྒྱལ་ཁབ་ཀྱིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་ལས་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཕྱིར་བཏོན་ནས་བོད་སྨན་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་ནི་བོད་སྨན་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་བྱེད་པ་དང་། ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྨང་གཞིར་རྐང་འཛུགས་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་བོད་སྨན་མཛད་སྤྱོད་ཐད་ཀྱི་དགོས་མཁོ་བསྐོང་རྒྱུ་རྐང་འཛུགས་སར་བྱེད་པ་བཅས་བྱས་ཏེ་སྨན་བཅོས་རྨང་གཞིར་བྱེད་པ་དང་ཚན་ཞིབ་ཀྱིས་སྣེ་ཁྲིད་བྱེད་པ། སློབ་གསོ་གཞི་རྩར་བྱེད་པ། ཐོན་ལས་གཙོ་གཞི་བྱེད་པ། བདེ་ཐང་ཁ་ཕྱོགས་སུ་བྱེད་པ། རྒྱལ་སྤྱི་ཅན་དམིགས་འབེན་དུ་བྱེད་པ་སོགས་ཀྱི་གནས་བདུན་གཞི་གཅིག་གི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་ནས་བོད་སྨན་ཐོན་ལས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན།
བསམ་འཆར་ལས་ཀྲུང་ལུགས་སྨན་རྫས་དང་བོད་སྨན་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཐད་ཤུགས་སྣོན་པ་དང་། བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། བོད་སྨན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། བོད་སྨན་ཚད་གཞིའི་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ། བོད་སྨན་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་སྨན་གསོ་རིག་རིག་གནས་ཤུགས་ཆེན་པོས་དར་སྤེལ་བྱེད་པ། བོད་སྨན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་སོགས་ཕྱོགས་བརྒྱད་ཀྱི་ལས་འགན་གསལ་བོར་བཏོན་སྟེ་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཕན་ནུས་སྔར་ལས་མཐོར་འདེགས་བཏང་ཡོད།