མཚོ་སྔོན་ཞིང་ཆེན་གྱིས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བ་སྤེལ་བར་བཀོད་སྒྲིག་བྱས།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉེ་ལམ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བའི་ལག་བསྟར་ཇུས་གཞི་དཔར་ནས་བཀྲམ་སྟེ་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ནས་ཟླ་བཅུ་གཉིས་པའི་ཟླ་མཇུག་བར། སྐུལ་སློང་བཀོད་སྒྲིག་དང་རང་བཤེར་རང་བཅོས། ཞིབ་བཤེར་ལེགས་བཅོས། ཕྱོགས་བསྡུས་དཔྱད་ཞིབ། སྤྱི་བསྡོམས་དོན་འཁྱོལ་བཅས་རིམ་པ་ལྔར་བགོས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཆེན་མོས་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་ཁྲིམས་འཛིན་གཟབ་ནན་གྱིས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་དང་། ཁེ་ལས་ཀྱིས་རང་བཤེར་བྱེད་པ་དང་་སྲིད་གཞུང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པ་ཟུང་འབྲེལ། ཁོངས་གཏོགས་ས་ཁུལ་གྱིས་འགན་ཁུར་བ་དང་སྡེ་ཁག་གིས་མཛུབ་ཁྲིད་བྱེད་པ་ཟུང་འབྲེལ། མངོན་བཤེར་དང་ལྐོག་བཤེར་ཟུང་འབྲེལ་བྱེད་པ་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ་ཕྱོགས་བཞི་དང་རིགས་ཉེར་བདུན་གཙོར་བཟུང་སྟེ་ཞིབ་བཤེར་བྱེད་རྒྱུ་རེད། སྲིད་གཞུང་རིམ་པ་ནས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དང་བདེ་འཇགས་ཐོན་སྐྱེད་བྱ་བ་གཙོ་བོའི་བཀོད་སྒྲིག བདེ་འཇགས་དོགས་ཟོན་བྱ་བ། བདེ་འཇགས་ཐད་ཀྱི་ལྟ་སྐུལ་ཁྲིམས་འཛིན། བདེ་འཇགས་དོགས་ཟོན་ཐད་ཀྱི་ལམ་ལུགས་དང་བྱེད་ཐབས། ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་སོགས་ནང་དོན་དྲུག་དོན་འཁྱོལ་བྱས་པའི་གནས་ཚུལ་གཙོར་བཟུང་སྟེ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། ཁེ་ལས་རིམ་པ་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་ལྟ་སྐུལ་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་དང་བདེ་འཇགས་ཐོན་སྐྱེད་གཙོ་གཞིའི་འགན་འཁྲི། བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པ། བདེ་འཇགས་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་པ། རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱེད་པ། སྐབས་བསྟུན་དོ་དམ་བྱེད་པ། དོན་རྐྱེན་དོགས་ཟོན་བྱེད་ཐབས་སོགས་ནང་དོན་བདུན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད། ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ། གཞུང་ལམ་འགྲིམ་འགྲུལ་དང་ཨར་ལས་བཟོ་སྐྲུན། ཡུལ་སྐོར། མེ་འགོག་མེ་གསོད། རྡོ་སོལ་གཏེར་ཁ། ལྕགས་རིགས་དང་ལྕགས་རིགས་མིན་པའི་གཏེར་རི། ཉེན་ཁ་ཡོད་པའི་རྫས་འགྱུར་ཐོན་རྫས། ཤོག་སྦག སློབ་གསོ། ནུས་ཁུངས་སོགས་ཁྱབ་ཁོངས་བཅུ་གཉིས་གཙོར་བཟུང་སྟེ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། དོན་རྐྱེན་ཞིབ་བཤེར་ཐག་གཅོད་ཐད་ནས། ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་གཟབ་ནན་གྱིས་དོན་རྐྱེན་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་རྩད་ཞིབ་བྱས་ཡོད་མེད་དང་རིགས་སོ་སོའི་དོགས་ཟོན་བྱེད་ཐབས་དོན་འཁྱོལ་བྱས་ཡོད་མེད། འབྲེལ་ཡོད་བདེ་འཇགས་ཚད་གཞི་དང་ལམ་ལུགས་འཐུས་ཚང་ཡིན་མིན་བཅས་ཀྱི་གནས་ཚུལ་གཙོར་བཟུང་སྟེ་ཞིབ་བཤེར་བྱེད་རྒྱུ་རེད།

ཞིབ་བཤེར་ཆེན་མོའི་བྱ་བར་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་ཆེད། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་འགན་ཁུར་མི་སྣ་གཙོ་བོ་ཚན་གཙོ་ཡིན་པའི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་ཇུས་གཞི་གཏན་ཁེལ། འགན་འཁྲི་ལས་བགོས་གསལ་བོ་བཅས་བྱས་ཏེ་ཞིབ་བཤེར་ཆེན་མོའི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བ་དང་དངོས་ཡོད་ཕན་ནུ་ཐོབ་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།