གཅན་ཚ་རྫོང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་མཛེས་སྡུག་གི་གཅན་ཚ། ཡིད་འོང་གི་ནང་ཁོག་ཅེས་པའི་མི་སྟོང་ལྷག་གི་རྐང་བགྲོད་འགྲན་སྡུར་གྱི་བྱ་འགུལ་སྤེལ།
2018.07.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 94

གཅན་ཚ་རྫོང་གི་ཡུལ་སྐོར་རིག་གནས་ཀྱིས་ཕྱི་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཚད་རྒྱ་བསྐྱེད་པ་དང་། ནང་ཁོག་ཁྱད་ལྡན་ཞིང་ལས། ལོག་གར་མེ་ཏོག གནའ་བོའི་དགོན་པ་དང་། གདོད་མིའི་ནགས་ཚལ་སོགས་ཕུན་སུམ་ཚོགས་པའི་ཞིང་སྡེ་ཡུལ་སྐོར་ཐོན་ཁུངས་མཚམས་སྦྱོར་བྱ་ཆེད་དུ། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། གཅན་ཚ་རྫོང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་མཛེས་སྡུག་གི་གཅན་ཚ། ཡིད་འོང་གི་ནང་ཁོག་ཅེས་པའི་མི་སྟོང་ལྷག་གི་རྐང་བགྲོད་འགྲན་སྡུར་སྤེལ་ལ། ཞིང་ཆེན་ཡོངས་ནས་རྐང་བགྲོད་ལ་དགའ་བའི་འགྲན་ཞུགས་པ་སྟོང་ལྷག་འགྲན་སྡུར་ལ་ཞུགས།

རྐང་བགྲོད་འགྲན་སྡུར་གྱི་འགོ་རྩོམ་ས་ནི་མཚོ་ཁ་ལབ་ཙེ་ཡིན་པ་དང་། དེ་ནས་མུ་མཐུད་དུ་ནང་ཁོག་ཞང་སྲིད་གཞུང་དང་བདེ་ཆེན་དགོན་པའི་མཆོད་རྟེན་བརྒྱད་པའི་ཐང་ཆེན། ལ་མོ་བདེ་ཆེན་དགོན་པ། ནེའུ་རིང་སྡེ་བའི་ལོག་གར་ཞིང་ཚིགས་ཀྱི་ལམ་སོགས་བརྒྱུད་དེ། འགྲམ་རིང་ཁུག་རང་སྐོར་ལྗོངས་རྒྱུའི་གཞི་སྒར་ལ་ཐོན་དགོས་པ་དང་། ལམ་ཐག་ཧྲིལ་བོ་ལ་སྤྱི་ལེ་བརྒྱད་ཡོད།

གཅན་ཚ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲུའུ་ཡུས་དབྱིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་མཛེས་སྡུག་གི་གཅན་ཚ། ཡིད་འོང་གི་ནང་ཁོག་ཅེས་པའི་རྐང་བགྲོད་འགྲན་སྡུར་ཆེན་མོའི་བྱ་འགུལ་གྱི་སྟེགས་བུ་འདི་བརྒྱུད་ནས། བདེ་ཆེན་གྱི་ཆེས་མཛེས་པའི་རྩྭ་ཐང་དང་ལོག་གར་མེ་ཏོག ཁྱད་ལྡན་ཞིང་ལས། དགོན་སྡེ་ལྷ་ཁང་། གདོད་མིའི་ནགས་ཚལ། གྲོག་རོང་རྦབ་ཆུ་སོགས་ཕུན་སུམ་ཚོགས་པའི་རང་བྱུང་ཡུལ་གྱི་བཀོད་པའི་མི་ཆོས་ཐོན་ཁུངས་མཚམས་སྦྱོར་བྱེད་པ་དང་། རབ་མཛེས་མཚོ་སྔོན་དང་། མཛེས་སྡུག་གི་གཅན་ཚ། ཡིད་འོང་གི་ནང་ཁོག་ཅེས་པའི་སྙན་གྲགས་དང་ཤུགས་རྐྱེན་མཐོར་འདེགས་བཏང་ནས། རྫོང་ཡོངས་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་སྤུས་ཚད་མྱུར་དུ་ཇེ་མཐོ་དང་ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་ཟེར།

ཕིན་ཨན་ནས་ཐོན་པའི་རྒན་པོ་ཐའོ་མེན་ཧྲན་ནི་ད་ལོ་ལོ་ན་དོན་བརྒྱད་ལ་སོན་འདུག ཁོས་གསར་འགོད་པར་བཤད་རྒྱུར། འདི་ནི་ང་རང་སྤྱི་ལེ་བརྒྱད་ཅན་གྱི་རྐང་བགྲོད་འགྲན་སྡུར་ལ་ཞུགས་ཐེངས་དང་པོ་ཡིན། སྔོན་ཆད་ཆེས་མང་ནའང་སྤྱི་ལེ་བཞི་ལྔ་ཅན་གྱི་རྐང་རྒྱུག་ལ་མ་གཏོགས་ཞུགས་མ་མྱོང་། ད་ཐེངས་ལམ་ཐག་ཧྲིལ་བོར་བརྒྱུགས་ཚར་རྗེས་ཚོར་བ་ཤིན་ཏུ་བཟང་གི ཐང་དེ་འདྲ་མི་ཆད་ཀི ང་ཚོ་ལྟ་བུའི་ལོ་ཚོད་རྒན་པ་རྣམས་འགྲན་སྡུར་ལ་ཞུགས་དོན་ནི་ལུས་ཕུང་སྦྱོང་བརྡར་བྱ་ཆེད་དང་། རྐང་བགྲོད་ལ་དགའ་བའི་གྲོགས་པོ་འགའ་དང་མཉམ་དུ་སེམས་གཡེང་ནས། མཁའ་དབུགས་གསར་བ་རྔུབ་འདོད་པ་ཙམ་རེད་ཟེར།

ནང་ཁོག་ཞང་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་སྟོབས་ལྡན་གྱིས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་། གཅན་ཚ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ནང་ཁོག་ཞང་གིས་ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བའི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཏེ། ཁྱད་འཕགས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་བེད་སྤྱད་ནས། བདེ་ཆེན་དགོན་པ་དང་ལོག་གར་མེ་ཏོག་གི་ཞིང་ས་སོགས་ཡུལ་སྐོར་ལྟེ་བ་བདུན་ལྷག་བཙུགས་ལ། ད་ལོའི་ཟླ་དྲུག་པ་ནས་བཟུང་། ཡུལ་སྐོར་མི་འབོར་ཡང་ཅུང་མང་པོ་འདུག་པས། ཐེངས་འདིའི་རྐང་བགྲོད་འགྲན་སྡུར་གྱི་བྱ་འགུལ་དམིགས་ཡུལ་ནི། ནང་ཁོག་གི་ཡུལ་སྐོར་ཐོན་ཁུངས་རྒྱ་ཆེ་བའི་སྒོ་ནས་དྲིལ་སྒྲོག་བྱེད་ཆེད་ཡིན་ལ། དུས་མཉམ་དུ་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ནང་ཁོག་ལ་ཕེབས་པར་དགའ་བསུ་ཞུ་བ་ཡིན་ཟེར།