ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་། 2018ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དང་པོ་སྟེ་ལི་ཏུའུ་ནས་ཟི་ལིང་བར་གྱི་འགྲན་སྡུར་དངོས་སུ་སྤེལ་འགོ་བརྩམས།
འགྲན་རྒྱུག་རུ་ཁག་དག་གིས་སྔོན་དུ་ལི་ཏུའུ་ཆུའུ་ལ་སྐོར་བ་གཉིས་བརྒྱབ་རྗེས་ཟི་ལིང་གྲོང་ཁྱེར་ཕྱོགས་སུ་རྒྱུག་འགོ་བརྩམས་པ་དང་། དུས་ཚོད་བཞིའི་རིང་གི་འགྲན་སྡུར་བརྒྱུད་དེ། འགྲན་རིམ་ཧྲིལ་བོའི་ཁྲོད་གྲུབ་འབྲས་བཟང་རྒྱུ་མེད་པའི་ཉིན་ཞ་ལུས་རྩལ་རྒྱན་འཛིན་རུ་ཁག་གི་ཆའི་ཀྲི.པའོ་ཀུ་ལཱ་སི་ཡིས་དུས་ཚོད་གསུམ་དང་སྐར་མ་ང་དྲུག་དང་སྐར་ཆ་ལྔའི་གྲུབ་འབྲས་ལ་བརྟེན་ནས་བྱ་དགའ་ཨང་དང་པོ་བླངས་པ་མ་ཟད། སྟོད་ལྭ་སེར་བོ་དང་ལྗང་ཁུ་ཐོབ་པ་དང་། ཐུར་ཁེའི་ཐའོ་ཁུའུ་རུ་ཁག་གི་ཨའོ་ཙུའུ་ཀུ.པཱ་ཐུའུ་ཧན་དང་ཁོའི་རུ་ཁག་གཅིག་པའི་པཱ་ཨར་ཀན.འོ་ནུའུ་ཨར་གཉིས་ལ་སོ་སོར་འགྲན་རིམ་གྱི་བྱ་དགའ་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། མཚོ་སྔོན་ཐེན་ཡོའུ་ཏི་རུ་ཁག་གི་ལིས་ཙི་སུན་ལ་ཨེ་ཤ་ཡའི་ཆེས་ཕུལ་དུ་བྱུང་བའི་འགྲན་རྒྱུག་པའི་མཚོན་རྟགས་སྟོད་ལྭ་སྔོན་པོ་ཐོབ།
ལི་ཏུའུ་ནས་ཟི་ལིང་བར་གྱི་འགྲན་རིམ་གྱི་ལམ་ཐག་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་དང་རེ་གཉིས་ཡོད་པ་དང་། ལམ་བར་གྱི་སྤྱི་ལེ་གོ་དྲུག་དང་གྲངས་ཆུང་དགུ་གཅིག་དང་སྤྱི་ལེ་བརྒྱ་དང་ཞེ་བརྒྱད་དང་གྲངས་ཆུང་ལྔ་གཉིས་ཀྱི་མཚམས་སུ་སོ་སོར་མཆོང་རྒྱུག་བྱེད་ས་གཉིས་བཙུགས་ཡོད་པ་དང་། ལུས་རྩལ་པ་ཚོ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་རྒྱུག་འགོ་བརྩམས་ཏེ། མཚོ་ཤར་ལམ་ཆེན་དང་། མིན་ཧི་ནས་ཕེན་ཨན་བར་གྱི་གཞུང་ལམ། དེ་ནས་ཟི་ལིང་ནས་ཁྲི་ཀའི་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་མཇུག་མཐར་ཟི་ལིང་གྲོང་ཁྱེར་ལྔ་བཞི་སྲང་ལམ་དུ་འབྱོར།