ཆི་ལེན་རྫོང་གི་གནམ་གྲུ་ཐང་ལ་གནམ་གྲུ་ཐང་བཀོལ་སྤྱོད་བྱེད་པའི་ཆོག་མཆན་དཔང་ཡིག་ཐོབ།
2018.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ།  དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་དང་ཧྲན་ཞི།  ཉིན་ཞ་བཅས་ཀྱི་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཅུའུ་རྩ་འཛུགས་བྱས་ཏེ་གསར་དུ་འཛུགས་སྐྲུན་བྱས་པའི་ཆི་ལེན་རྫོང་གི་གནམ་གྲུ་ཐང་དེ་གནམ་གྲུ་ཐང་བཀོལ་སྤྱོད་བྱེད་པའི་ཆོག་མཆན་དཔང་ཡིག་སྟེར་བའི་ཚད་གཞིར་སླེབས་ཡོད་མེད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས།   ཆེད་ལས་ཚན་ཆུང་བདུན་གྱིས་ཞིབ་བཤེར་དང་ཞིབ་བསྡུར་བྱས་པ་བརྒྱུད།  ཆི་ལེན་རྫོང་གི་གནམ་གྲུ་ཐང་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་བདེ་འཇགས་ཚད་གཞི་དང་མཐུན་པ་དང་། གནམ་གྲུ་ཐང་བཀོལ་སྤྱོད་བྱེད་པའི་ཆོག་མཆན་དཔང་ཡིག་སྟེར་ཆོག་པར་འདོད།

ཆི་ལེན་རྫོང་གི་གནམ་གྲུ་ཐང་འཛུགས་སྐྲུན་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་དམངས་སྤྱོད་མཁའ་འགྲུལ་དྲ་རྒྱའི་རྣམ་པ་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང་།  ཁུལ་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   གནད་འགོག་གནོད་སེལ་ནུས་པ་མཐོར་འདེགས་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།   ཆི་ལེན་རྫོང་གི་གནམ་གྲུ་ཐང་ལ་བཀོལ་སྤྱོད་ཆོག་མཆན་དཔང་ཡིག་ཐོབ་པ་དེས་གནམ་གྲུ་ཐང་གི་འཁོར་སྐྱོད་ཆ་རྐྱེན་འཛོམས་པོ་ཡིན་པ་མཚོན་ཡོད།

གོ་རིམ་རྗེས་མར། ཆི་ལེན་རྫོང་གནམ་གྲུ་ཐང་གིས་ཐེངས་འདིའི་ཞིབ་བཤེར་མཇུག་འབྲས་གཞིར་བཟུང་ནས་དག་ཐེར་ལེགས་བཅོས་ཇུས་གཞི་གཏན་ཁེལ་གསལ་བོ་བྱེད་པ་དང་།   གཟབ་ནན་གྱིས་ཞིབ་བཤེར་ཚན་ཆུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་དུས་བཅད་ལྟར་དག་ཐེར་ལེགས་བཅོས་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པར་མ་ཟད།   གནམ་གྲུ་ཤར་གཏོང་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས་སྔ་མོ་ནས་གནམ་གྲུ་ཤར་གཏོང་བྱེད་ཐུབ་པར་འགན་སྲུང་བྱེད་རྒྱུ་རེད།